ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེ་ཡིས་སི་རི་ཡཱའི་ཨ་ཧྥུའུ་ལིན་ཤར་ངོས་ས་ཁུལ་དུ་དཔུང་འཇུག་བྱེད་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱིས་ཚེས་བཅུ་དགུའི་ཉིན་བསྟན་དོན། ཐུར་ཁེའི་དམག་དཔུང་གིས་སི་རི་ཡཱའི་ཨ་ཧྥུའུ་ལིན་ས་ཁུལ་གྱི་འཐབ་འཁྲུག་ཁྲོད་རྒྱལ་ཁ་བླངས་རྗེས། ཐུར་ཁེ་ཕྱོགས་ཀྱིས་ཨ་ཧྥུའུ་ལིན་ཤར་ངོས་ཀྱི་སི་རི་ཡཱའི་ས་ཁུལ་གཞན་པར་དཔུང་འཇུག་བྱེད་རྒྱུ་ཡིན་ཟེར།

ཨེ་ཨར་ཏའོ་ཨན་གྱིས་ཉིན་དེར་ཨན་ཁཱ་ལཱའི་ཙུང་ཐུང་བཞུགས་ཤག་ནས་གཏམ་བཤད་སྤེལ་ཏེ། ཐུར་ཁེའི་སི་རི་ཡཱའི་དམག་དོན་འགུལ་སྐྱོད་དེ་མན་པུས་ཅི་དང་། ཁི་པཱ་ནེ། ཐེ་ལེ་ཨེ་པུའུ་ཡེ་ཏི། ཁཱ་མུས་ཧྲི་ལེ་སོགས་ས་ཁུལ་དུ་རྒྱ་བསྐྱེད་ནས་ཐུར་ཁེ་དང་སི་རི་ཡཱའི་མཐའ་མཚམས་ཀྱི་འཇིགས་སྐུལ་རིང་ལུགས་གཙང་ཕྱགས་བྱེད་རྒྱུ་ཡིན་ཟེར།

རྒྱུས་ལོན་བྱུང་བ་ལྟར་ན། གོང་གི་ས་ཁུལ་དེ་དག་སི་རི་ཡཱའི་བྱང་ཕྱོགས་སུ་གནས་པ་དང་། ཐུར་ཁེའི་ཤར་ལྷོའི་མཐའ་མཚམས་དང་འབྲེལ་ཡོད། མིག་སྔར་ཁུའུ་ཨར་ཏི་དྲག་ཆས་པས་བཙན་བཟུང་བྱས་ཡོད། དེའི་ནང་མན་པུས་ཅི་རུ་ཨ་མེ་རི་ཁའི་དམག་དཔུང་བཅའ་སྡོད་བྱས་ཡོད་པ་རེད།

དབྱི་རག་གི་གནས་བབ་གླེང་སྐབས་ཨེ་ཨར་ཏའོ་ཨན་གྱིས་བསྟན་དོན། གལ་ཏེ་དབྱི་རག་ཀྲུང་དབྱང་སྲིད་གཞུང་གིས་ཞིན་ཅཱ་ཨར་ས་ཁུལ་གྱི་ཁུའུ་ཨར་ཏི་བཟོ་བའི་ཏང་གི་དྲག་ཆས་པ་ཚར་གཅོད་བྱེད་མ་ཐུབ་ན། ཐུར་ཁེ་ཕྱོགས་ཀྱིས་དུས་ངེས་མེད་དུ་རྒྱལ་མཚམས་བརྒལ་ནས་དམག་དོན་འགུལ་སྐྱོད་སྤེལ་ངེས་ཡིན་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།