ཀྲུང་གོ་བོད་ཀྱི་དྲ་བ།

ཕཱ་ལེ་སི་ཐན་གྱི་འགྲིག་མཐུན་སྲིད་གཞུང་གིས་ཧཱ་མཱ་སི་ཡིས་ཅཱ་ཧྲ་ས་ཁུལ་གྱི་དོ་དམ་དབང་ཆ་ཚང་མ་སྤྲོད་དགོས་པའི་རེ་བ་བཏོན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཕཱ་ལེ་སི་ཐན་འགྲིག་མཐུན་སྲིད་གཞུང་གིས་ཚེས་ཉི་ཤུའི་ཉིན་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ལཱ་མུའུ་ཨན་ལཱ་གྲོང་ཁྱེར་ནས་གྲོས་ཚོགས་བསྡུས་ཏེ། ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡིས་ཅཱ་ཧྲ་ས་ཁུལ་གྱི་དོ་དམ་དབང་ཆ་ཚང་མ་སྤྲོད་དགོས་པའི་རེ་བ་བཏོན།

ཕཱ་ལེ་སི་ཐན་འགྲིག་མཐུན་སྲིད་གཞུང་གིས་གསལ་སྒྲོག་སྤེལ་ཏེ། འགྲིག་མཐུན་སྲིད་གཞུང་གིས་ཅཱ་ཧྲ་ས་ཁུལ་གྱི་དོ་དམ་དབང་ཆ་ཚང་མ་བརྒྱུད་ལེན་བྱེད་པར་གྲ་སྒྲིག་བྱས་ཡོད་པ་དང་། དེ་ནི་རྒྱལ་ཁབ་ཀྱི་འགན་འཁྲི་ཡིན་ཞིང་། ཅཱ་ཧྲ་ས་ཁུལ་དཀའ་ཁག་ལས་ཐར་བར་རོགས་རམ་བྱེད་པ་དང་དབྱི་སི་རལ་ལ་ཕཱ་ལེ་སི་ཐན་ནང་ཁུལ་གྱི་ཁ་བྲལ་ཁྲོད་ཁེ་ཕན་ཐོབ་པར་མི་བྱེད་པའི་གཞི་རྩའི་རེ་བ་ཡིན་ཟེར།

ཕཱ་ལེ་སི་ཐན་འགྲིག་མཐུན་སྲིད་གཞུང་གིས་གསལ་སྒྲོག་ནང་ཉེ་སྔོན་ཕཱ་ལེ་སི་ཐན་གྱི་ཙུང་ལི་ཧཱ་མུའུ་ཏཱ་ལཱའི་རླངས་འཁོར་རུ་ཁག་ལ་ཅཱ་ཧྲ་ས་ཁུལ་ནས་འགས་གཏོར་འཇབ་རྒོལ་ཐེབས་པར་རྒོལ་གཏམ་དྲག་པོ་བཏང་བ་དང་། དོན་རྐྱེན་བཟོ་མཁན་གྱིས་ཁ་བྲལ་གནས་བབ་མཇུག་སྒྲིལ་བ་དང་འགྲིག་མཐུན་མངོན་འགྱུར་བྱེད་པའི་བྱ་བ་ཚང་མ་ངལ་བ་འབྲས་མེད་དུ་གཏོང་བའི་ཆེད་ཡིན་ལ། དབྱི་སི་རལ་གྱིས་བསམ་བཞིན་པའང་དེ་ཡིན་ཟེར།

ཕཱ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པཱ་སི་ཡིས་ཚེས་བཅུ་དགུ་ཉིན་གྱི་དགོང་མོར་ཕཱ་ལེ་སི་ཐན་བཅིངས་འགྲོལ་རྩ་འཛུགས་ལག་བསྟར་ཨུ་ཡོན་ལྷན་ཁང་དང་ཕཱ་ལེ་སི་ཐན་དམངས་གཙོ་བཅིངས་འགྲོལ་ལས་འགུལ་ཧྥ་ཐཱ་ཧིའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྟེང་ཧཱ་མཱ་སི་ནི་ཕཱ་ལེ་སི་ཐན་གྱི་ཙུང་ལིའི་རླངས་འཁོར་རུ་ཁག་ལ་འཇབ་རྒོལ་བྱས་པའི་དོན་རྐྱེན་དེའི་ལྟག་རྒྱབ་ཀྱི་ཇུས་འདོན་མཁན་ཡིན་ཟེར། ཁོས་བཤད་རྒྱུར། གལ་ཏེ་འཇབ་རྒོལ་དོན་རྐྱེན་དེར་ལེགས་འགྲུབ་བྱུང་ན། མཇུག་འབྲས་ནི་གནོད་འཚེ་རང་བཞིན་ལྡན་པ་ཞིག་ཡིན་ལ། ཕཱ་ལེ་སི་ཐན་རྒྱལ་ཁབ་ཏུ་ནང་འཁྲུག་འབྱུང་ངེས་རེད་ཟེར།

ཧཱ་མཱ་སི་ཡིས་དེའི་རྗེས་སུ་གསལ་སྒྲོག་སྤེལ་ཏེ། ཅཱ་ཧྲ་ས་ཁུལ་གྱི་བདེ་འཇགས་སྡེ་ཁག་གིས་སྔར་བཞིན་དོན་རྐྱེན་དེར་རྟོག་ཞིབ་བྱེད་བཞིན་ཡོད་པ་དང་། ཨ་པཱ་སི་ཡིས་རྟོག་ཞིབ་མཇུག་འབྲས་ཁྱབ་སྒྲོག་མ་བྱས་གོང་ཧཱ་མཱ་སི་ལ་སྐྱོན་འཛུགས་བྱས་ན་ཁ་བྲལ་གྱི་གནས་བབ་ཇེ་སྡུག་འགྲོ་སྲིད་ལ། ཕཱ་ལེ་སི་ཐན་མི་དམངས་ཀྱི་མཐུན་སྒྲིལ་ལ་གནོད་པ་ཐེབས་སྲིད་ཟེར།

ཕཱ་ལེ་སི་ཐན་བཅིངས་འགྲོལ་རྩ་འཛུགས་ལག་བསྟར་ཨུ་ཡོན་ལྷན་ཁང་གི་ཁོངས་མི་མཱ་ཅི་ཏི་ལན་ནེ་ཡིས་ཚེས་ཉི་ཤུའི་ཉིན་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། ཨ་པཱ་སི་ཡིས་ཧཱ་མཱ་སིའི་བར་འགྲིག་མཐུན་གྱི་སྒོ་ཆེན་བརྒྱབ་མེད་པ་དང་། ཨེ་ཅིབ་ཕྱོགས་ཀྱིས་ཕྱོགས་གཉིས་ཀྱི་མིག་སྔའི་ཉམས་ཉེན་ལ་བར་འདུམ་བྱེད་བཞིན་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།