ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁས་དབྱི་ལིང་གི་དྲ་རྒྱའི་གཏོར་བརླག་རྩ་འཛུགས་དང་མི་སྣར་བཀག་སྡོམ་བྱེད་རྒྱུ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་ནོར་སྲིད་པུའུ་ཡིས་ཚེས་ཉེར་གསུམ་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་ལིང་གི་ཚོགས་པ་གཅིག་དང་མི་སྒེར་བཅུ་ལ་བཀག་སྡོམ་བྱེད་རྒྱུ་ཡིན་ཟེར། གསལ་སྒྲོག་ལས་བཤད་རྒྱུར། བཀག་སྡོམ་བྱ་ཡུལ་དེས་སྔོན་ཆད་ཨ་མེ་རི་ཁའི་མཐོ་རིམ་སློབ་གྲྭ་བརྒྱ་ལྷག་ལ་དྲ་རྒྱའི་དཔུང་འཇུག་བྱས་པ་དང་། ཤེས་བྱའི་ཐོན་དབང་གི་བརྡ་འཕྲིན་དང་གཞི་གྲངས་བརྐུས་ཡོད་ཟེར།

གསལ་སྒྲོག་ལས་བསྟན་དོན། བཀག་སྡོམ་བྱ་ཡུལ་ལ་དབྱི་ལིང་མངའ་ཁོངས་ཀྱི་དྲ་རྒྱའི་གཏོར་བརླག་རྩ་འཛུགས་མཱ་པུའུ་ནཱ་ཞིབ་འཇུག་ཁང་དང་ལས་ཁུངས་དེའི་སྲོལ་འབྱེད་མཁན། འགན་ལེན་ཚོང་བ་སོགས་མི་དགུ་འདུས། གསལ་སྒྲོག་ལས་བཤད་རྒྱུར། མཱ་པུའུ་ནཱ་ཞིབ་འཇུག་ཁང་དེ་ཉིས་སྟོང་བཅུ་གསུམ་ལོའི་སྔ་གཞུག་ཏུ་བཙུགས་པ་དང་། གཙོ་བོ་དབྱི་ལིང་གི་མཐོ་རིམ་སློབ་གྲྭ་དང་ཚན་རིག་ཞིབ་འཇུག་སྡེ་ཁག་གི་བརྡ་འཕྲིན་ལེན་པའི་འགན་ཁུར་ཡོད། ཞོར་དུ་ལས་ཁུངས་དེས་ད་རུང་དབྱི་ལིང་སྲིད་གཞུང་དང་མི་སྒེར་ལ་ཞབས་ཞུ་འདོན་སྤྲོད་བྱེད་བཞིན་ཡོད་ལ། མི་གཞན་པའི་ཚབ་ཏུ་དྲ་རྒྱའི་གཏོར་བརླག་གི་བྱ་འགུལ་སྤེལ་བཞིན་ཡོད་པ་རེད་ཟེར།

ཨ་མེ་རི་ཁའི་ནོར་སྲིད་བློན་ཆེན་གཞོན་པ་མན་ཏི་ཨར་ཁི་ཡིས་ཚེས་ཉེར་གསུམ་ཉིན་བསྟན་དོན། དབྱི་ལིང་གིས་ནམ་རྒྱུན་ཨ་མེ་རི་ཁ་དང་དེའི་མནའ་མཐུན་རྒྱལ་ཁབ་དག་ལ་དམིགས་པའི་དྲ་རྒྱའི་དཔུང་འཇུག་བྱ་འགུལ་སྤེལ་བཞིན་ཡོད་ཅིང་། ཨ་མེ་རི་ཁས་བྱ་སྤྱོད་དེ་རིགས་ལ་ཀུ་ཡངས་གཏན་ནས་གཏོང་མི་སྲིད། ཨ་མེ་རི་ཁའི་ནོར་སྲིད་པུའུ་ཡི་ཁོངས་སུ་གཏོགས་པའི་ཕྱི་རྒྱལ་གྱི་རྒྱུ་ནོར་དོ་དམ་ཅུའུ་ཡིས་བཀག་སྡོམ་བྱ་ཡུལ་དག་གི་ཨ་མེ་རི་ཁའི་ཁྲིམས་འཛིན་ཁྱབ་ཁོངས་ཀྱི་རྒྱུ་ནོར་དང་ཁེ་དབང་བཀག་འཇོག་བྱེད་རྒྱུ་མ་ཟད། ཨ་མེ་རི་ཁའི་སྤྱི་དམངས་ཀྱིས་དེ་དག་བར་ཉོ་ཚོང་འགྲོ་འོང་བྱེད་པར་གཏན་འགོག་བྱེད་རྒྱུ་ཡིན་ཟེར།

ཚེས་ཉེར་གསུམ་ཉིན། ཨ་མེ་རི་ཁའི་ཁྲིམས་འཛིན་པུའུ་ཡིས་ཁྱབ་སྒྲོག་བྱས་དོན། ཉིག་ཡོ་ལྷོ་ཁུལ་རྒྱལ་ཕྲན་མཉམ་འབྲེལ་ས་གནས་ཁྲིམས་ཁང་གི་འདྲི་གཅོད་ཚོགས་པ་ཞིག་གིས་མཱ་པུའུ་ནཱ་ཞིབ་འཇུག་ཁང་གི་དྲ་རྒྱའི་གཏོར་བརླག་མཁན་དགུ་ལ་ཞུ་གཏུག་བྱེད་རྒྱུ་ཐག་བཅད།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།