ཀྲུང་གོ་བོད་ཀྱི་དྲ་བ།

ཡོ་རོབ་གླིང་མནའ་འབྲེལ་དང་དབྱིན་ཇི་ཡིས་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་དུས་རབས་རྗེས་མའི་ཡོ་རོབ་གླིང་མནའ་འབྲེལ་དང་དབྱིན་ཇིའི་འབྲེལ་བའི་གྲོས་མོལ་མགོ་བརྩམས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཡོ་རོབ་གླིང་མནའ་འབྲེལ་གྱི་དཔྱིད་ཀའི་མཐོ་རིམ་གྲོས་ཚོགས་ནས་ཚེས་ཉེར་གསུམ་ཉིན་དབྱིན་ཇི་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་བར་བརྒལ་དུས་སྐབས་ཀྱི་བཀོད་སྒྲིག་སོགས་གྲོས་མཐུན་ལ་ཆོག་མཆན་བཀོད་པ་དང་བསྟུན་ནས། ཡོ་རོབ་གླིང་མནའ་འབྲེལ་དང་དབྱིན་ཇི་ཡིས་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་དུས་རབས་རྗེས་མའི་ཡོ་རོབ་གླིང་མནའ་འབྲེལ་དང་དབྱིན་ཇིའི་འབྲེལ་བའི་གྲོས་མོལ་དངོས་སུ་མགོ་བརྩམས།

མཐོ་རིམ་གྲོས་ཚོགས་གྲོལ་ལ་ཉེ་བའི་སྐབས་སུ། གྲོས་ཚོགས་ལ་ཞུགས་པའི་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་གི་མགོ་ཁྲིད་པས་ཚེས་བཅུ་དགུའི་ཉིན་ཡོ་རོབ་གླིང་མནའ་འབྲེལ་དང་དབྱིན་ཇིས་བཀོད་པའི་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་བར་བརྒལ་དུས་སྐབས་ཀྱི་བཀོད་སྒྲིག་སོགས་གྲོས་མཐུན་ལ་ཆོག་མཆན་བཀོད་པར་མ་ཟད། དུས་རིམ་རྗེས་མའི་ཡོ་རོབ་གླིང་མནའ་འབྲེལ་དང་དབྱིན་ཇིའི་གྲོས་མོལ་ཐད་ནས་མཛུབ་སྟོན་བྱེད་ཕྱོགས་བཏོན།

མཛུབ་སྟོན་བྱེད་ཕྱོགས་ལྟར་ན། སང་ལོའི་ཟླ་གསུམ་པའི་ཚེས་ཉེར་དགུའི་ཉིན་དབྱིན་ཇི་དངོས་སུ་ཡོ་རོབ་གླིང་མནའ་འབྲེལ་དང་བྲལ་རྗེས། ཡོ་རོབ་གླིང་མནའ་འབྲེལ་་གྱིས་དབྱིན་ཇིའི་བར་ཆེས་མཛའ་མཐུན་གྱི་གྲོགས་པོའི་འབྲེལ་བ་འཛུགས་པར་རེ་བཞིན་ཡོད་ཅིང་། མུ་མཐུད་དུ་དཔལ་འབྱོར་ཉོ་ཚོང་དང་འཇིགས་སྐུལ་ངོ་རྒོལ། རྒྱལ་ཁོངས་བརྒལ་བའི་ནག་ཉེས་ལ་ཆམ་ཕབ་གཏོང་བ། ཐ་ན་ཕྱི་འབྲེལ། རྒྱལ་སྲུང་། རྒྱལ་ཁབ་བདེ་འཇགས་སོགས་ཁྱབ་ཁོངས་ནས་མཉམ་ལས་ཟབ་མོ་བྱེད་འདོད་ཡོད་ཟེར།

ཡོ་རོབ་གླིང་མནའ་འབྲེལ་དང་དབྱིན་ཇིའི་དཔལ་འབྱོར་ཉོ་ཚོང་འབྲེལ་བའི་ཐད་ནས་མཛུབ་སྟོན་བྱེད་ཕྱོགས་ལས་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་གྱིས་དབྱིན་ཇིའི་བར་ནང་དོན་རྒྱ་ཆེ་བའི་རང་དབང་ཉོ་ཚོང་གྲོས་ཆོད་ཅིག་འགོད་འདོད་ཡོད་པ་དང་། དེ་དཔྱ་ཁྲལ་ཉུང་འཕྲི་དང་། སྒོ་ཁྲལ་མཉམ་ལས། ལག་རྩལ་བརྒྱུད་སྤོ། ཞབས་ཞུའི་ཉོ་ཚོང་། ཤེས་བྱའི་ཐོན་དབང་སྲུང་སྐྱོབ། སྤྱི་བའི་ཉོ་བསྡུའི་ཚོང་རའི་སྒོ་འབྱེད་སོགས་ཁྱབ་ཁོངས་མང་བོར་འབྲེལ་ཡོད་ལ། གྲོས་ཆོད་དེ་དབྱིན་ཇི་ཡོ་རོབ་གླིང་མནའ་འབྲེལ་དང་བྲལ་རྗེས་བཀོད་ནས་ལག་བསྟར་བྱེད་ངེས་རེད་ཟེར།

ཡོ་རོབ་གླིང་མནའ་འབྲེལ་དང་དབྱིན་ཇིའི་ཕྱི་འབྲེལ་དང་རྒྱལ་སྲུང་། རྒྱལ་ཁབ་ཀྱི་བདེ་འཇགས་སོགས་ཀྱི་འབྲེལ་བའི་ཐད་ནས་མཛུབ་སྟོན་བྱེད་ཕྱོགས་ལས་བསྟན་དོན། དབྱིན་ཇི་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་རིན་ཐང་ལྟ་བ་གཅིག་འདྲ་ཡིན་པ་དང་། དབྱིན་ཇི་ཡོ་རོབ་གླིང་མནའ་འབྲེལ་དང་བྲལ་རྗེས་ཕྱོགས་གཉིས་ཀྱིས་ནམ་ཟླའི་འགྱུར་ལྡོག་དང་རྒྱུན་མཐུད་འཕེལ་རྒྱས། ཁོར་ཡུག་བཅོས་སྐྱོང་། ཉེས་དོན་ཁྲིམས་འཛིན་སོགས་ཁྱབ་ཁོངས་མང་བོ་ནས་མཉམ་ལས་བྱས་ཆོག་ཟེར།

ཚེས་ཉེར་གསུམ་ཉིན་མཛུབ་སྟོན་བྱེད་ཕྱོགས་བཏོན་རྗེས། ཡོ་རོབ་གླིང་མནའ་འབྲེལ་གྱི་དབུ་བཞུགས་གྲོས་མོལ་འཐུས་མི་པཱ་ནེ་ཡེ་ཡིས་ཕྱོགས་གཉིས་ཀྱིས་དཀའ་སྤྱད་གྲོས་མོལ་ཐད་ནས་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་བླངས་པར་གཟེངས་བསྟོད་བྱས་པ་དང་། ཡོ་རོབ་གླིང་མནའ་འབྲེལ་གྱི་དཔྱིད་ཀའི་མཐོ་རིམ་གྲོས་ཚོགས་ལ་ཞུགས་པའི་དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཐི་ལོས་ཧྲ་མཱེ་ཡིས་ཀྱང་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་གྲོས་མོལ་དེ་ད་ལྟ་སྒུལ་ཤུགས་གསར་བ་དང་གོ་སྐབས་གསར་བར་འཕྲད་ཡོད་ཟེར།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།