ཀྲུང་གོ་བོད་ཀྱི་དྲ་བ།

ཨ་པཱ་སི་ཡིས་ཨ་མེ་རི་ཁ་དང་དབྱི་སི་རལ་གྱིས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཞི་བདེའི་འཕེལ་རིམ་ལ་བར་ཆད་བཏང་བར་སྐྱོན་བརྗོད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཕཱ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པཱ་སི་ཡིས་ཚེས་ཉེར་བདུན་ཉིན་ལཱ་མུའུ་ཨན་ལཱ་ནས་བཤད་རྒྱུར། ཨ་མེ་རི་ཁ་དང་དབྱི་སི་རལ་གྱིས་བར་ཆད་བཏང་བའི་དབང་གིས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཞི་བདེའི་འཕེལ་རིམ་ངལ་བ་འབྲས་མེད་ཀྱི་གནས་སུ་ལྷུང་ཡོད་ཟེར།

ཨ་པཱ་སི་ཡིས་ཉིན་དེར་ཙུང་ཐུང་བཞུགས་ཤག་ནས་མའོ་ལོ་ཀིའི་ཕྱི་འབྲེལ་དང་རྒྱལ་སྤྱིའི་མཉམ་ལས་ཀྱི་བློན་ཆེན་པུའུ་ལི་ཏཱ་ལ་ཐུག་འཕྲད་བྱས། ཨ་པཱ་སི་ཡིས་ཐུག་འཕྲད་བྱས་རྗེས་སྤེལ་བའི་གསར་འགྱུར་སྤྱི་སྒྲོག་ནང་བསྟན་དོན། ཨ་མེ་རི་ཁས་ཡེ་ལུའུ་སཱ་ལེམ་གྱི་གོ་གནས་ལ་དྲང་བདེན་མིན་པའི་རྣམ་འགྱུར་བཟུང་བ་དང་དབྱི་སི་རལ་གྱིས་ཕཱ་ལེ་སི་ཐན་ལ་གང་འདོད་དུ་གནོད་སྐྱེལ་བའི་དབང་གིས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཞི་བདེའི་འཕེལ་རིམ་དེ་དཀའ་ཁག་གི་གནས་སུ་ལྷུང་ཡོད་ཟེར།

ཨ་པཱ་སི་ཡིས་ཕཱ་ལེ་སི་ཐན་གནད་དོན་གྱི་རྒྱལ་སྤྱིའི་གྲོས་ཚོགས་བསྡུ་བ་དང་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འགལ་བ་ཐག་གཅོད་བྱེད་པའི་རྒྱལ་སྤྱིའི་རྐྱེན་སྲོལ་བཙུགས་ནས། ཕཱ་ལེ་སི་ཐན་གྱི་མིས་གཅིག་སྟོང་དགུ་བརྒྱ་རེ་བདུན་ལོའི་རྒྱལ་མཚམས་རྨང་གཞིར་བྱས་ཤིང་ཡེ་ལུའུ་སཱ་ལེམ་ཤར་མ་རྒྱལ་སར་བྱས་པའི་སྒེར་ཚུགས་ཀྱི་ཕཱ་ལེ་སི་ཐན་རྒྱལ་ཁབ་འཛུགས་པར་རོགས་རམ་བྱེད་དགོས་པའི་འབོད་སྐུལ་བཏང་།

ཨ་པཱ་སི་ཡིས་ད་རུང་ཨ་རབ་རྒྱལ་ཁབ་དག་གིས་ཕཱ་ལེ་སི་ཐན་མི་དམངས་ལ་རྒྱབ་སྐྱོར་བྱེད་པའི་གལ་ཆེན་རང་བཞིན་ནན་བཤད་བྱས་པ་དང་། ཨ་རབ་རྒྱལ་ཁབ་དག་གིས་ཕཱ་ལེ་སི་ཐན་གྱི་གནད་དོན་དང་ཁྱད་པར་དུ་ཡེ་ལུའུ་སཱ་ལེམ་གྱི་གོ་གནས་ཐད་ནས་ལངས་ཕྱོགས་གཅིག་གྱུར་བྱེད་དགོས་པའི་འབོད་སྐུལ་བཏང་།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།