ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལང་ལ་ཚད་རིམ་ལྔ་དང་གྲངས་ཆུང་གསུམ་གྱི་ས་འགུལ་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-04-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལང་ས་འགུལ་རྟོག་དཔྱོད་ལྟེ་གནས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། དབྱི་ལང་གི་ནུབ་ཕྱོགས་ཞིང་ཆེན་ཁི་ཨར་མན་ཧྲ་ཨ་ཞེས་པར་ཟླ་བཞི་པའི་ཚེས་གཅིག་ཉིན་ཚད་རིམ་ལྔ་དང་གྲངས་ཆུང་གསུམ་གྱི་ས་འགུལ་བྱུང་ཟེར།

དབྱི་ལང་ས་འགུལ་རྟོག་དཔྱོད་ལྟེ་གནས་ཀྱིས་བསྒྲགས་རྒྱུར། ས་འགུལ་དེ་ནི་ས་དེའི་ཟླ་བཞི་པའི་ཚེས་གཅིག་ཉིན་གྱི་དུས་ཚོད་བཅུ་གསུམ་དང་སྐར་མ་ལྔའི་སྟེང་བྱུང་བ་དང་། ས་འགུལ་བྱུང་ས་ནི་ཤར་གྱི་གཞུང་ཐིག་ཏུའུ་ཞེ་ལྔ་གྲངས་ཆུང་བརྒྱད་ཐིག་བདུན་དང་བྱང་གི་འཕྲེད་ཐིག་ཏུའུ་སོ་བཞི་དང་གྲངས་ཆུང་བཞི་གཉིས་གཅིག་གི་མཚམས་སུ་བྱུང་ཞིང་། ས་འགུལ་བརྒྱུགས་སའི་གཏིང་ཚད་ལ་སྤྱི་ལེ་བརྒྱད་ཡོད་ཟེར།

དབྱི་ལང་རྒྱལ་ཁབ་བརྙན་འཕྲིན་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། ས་འགུལ་དེ་བརྒྱུགས་སའི་དཀྱིལ་སྙིང་ནི་སཱ་ཨར་པོ་ལེ་ཀྲ་ཧ་པུའུ་གྲོང་ཁྱེར་གྱི་ཉེ་འདབས་ཡིན་ལ། གྲོང་ཁྱེར་དེར་ས་འགུལ་གྱི་ཚོར་སྣང་དྲག་པོ་བྱུང་བས། མང་ཚོགས་རྣམས་ཁང་པའི་ཕྱི་རོལ་ཏུ་བྲོས་ཟེར། ས་དེའི་སྲིད་གཞུང་གིས་འཕྲལ་བསྟུན་སྨན་བཅོས་དང་མྱུར་སྐྱོབ་བྱེད་ཐབས་ལག་བསྟར་བྱེད་འགོ་བརྩམས་པ་དང་། མིག་སྔར་མི་ལ་ཤི་རྨས་བྱུང་བའི་གནས་ཚུལ་འབྱོར་མེད།

ན་ནིང་ནས་བཟུང་སྟེ་དབྱི་ལང་ལ་ས་འགུལ་བསྟུད་མར་བྱུང་། ཉིས་སྟོང་བཅུ་བདུན་ལོའི་ཟླ་བཅུ་གཅིག་པའི་ཚེས་བཅུ་གཉིས་ཉིན། དབྱི་ལང་གི་ནུབ་ཕྱོགས་མཐའ་མཚམས་ས་ཁུལ་ལ་ཚད་རིམ་བདུན་དང་གྲངས་ཆུང་གསུམ་གྱི་ས་འགུལ་བྱུང་ནས། ཁི་ཨར་མན་ཧྲ་ཨ་ཞིང་ཆེན་གྱི་མི་བཞི་བརྒྱ་དང་བདུན་ཅུ་ལྷག་རྐྱེན་ལམ་དུ་ཤོར་བ་དང་། མི་སྟོང་དགུ་ལྷག་ལ་རྨས་ཕོག དེའི་ནང་དུ་སཱ་ཨར་པོ་ལེ་ཀྲ་ཧ་པུའུ་ནི་ས་འགུལ་གྱི་གནོད་པ་ཆེས་ཚབས་ཆེན་ཐེབས་ས་ཡིན་ལ། མི་སྣ་མང་ཆེ་ཤོས་ས་དེ་ནས་ཤི་རྨས་བྱུང་བ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།