ཀྲུང་གོ་བོད་ཀྱི་དྲ་བ།

ཕུའུ་ཅིན་དང་མའོ་ཁི་ཨར་གྱིས་ཁ་པར་བརྒྱུད་དེ་སི་རི་ཡཱའི་གནས་བབ་ལ་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-04-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་བཅུ་བདུན་ཉིན་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་ལ་ཁ་པར་བཏང་། ཕྱོགས་གཉིས་ཀྱིས་བསྟན་དོན། ཆབ་སྲིད་དང་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་སི་རི་ཡཱའི་གནད་དོན་ཐག་གཅོད་བྱེད་པར་འབད་བརྩོན་བྱེད་འདོད་ཡོད་པ་དང་། དེའི་ནང་རི་ནེ་ཝའི་ཞི་བའི་གྲོས་མོལ་དང་ཨ་སི་ཐཱ་ནཱའི་ཞི་བའི་གྲོས་མོལ་སོགས་འདུས་ཟེར།

ཁི་ལི་མུའུ་ལིན་ཕོ་བྲང་གིས་བསྒྲགས་པ་ལྟར་ན། ཨུ་རུ་སི་དང་འཇར་མན་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ཨ་མེ་རི་ཁ་དང་དེའི་མནའ་མཐུན་གྲོགས་པོ་དག་གིས་སི་རི་ཡཱ་ལ་དམག་དོན་ཆམ་ཕབ་བཏང་རྗེས་ཀྱི་གནས་བབ་ཐད་ནས་བསམ་འཆར་བརྗེ་རེས་བྱས། ཕྱོགས་གཉིས་ཀྱིས་བསྟན་དོན། མ་འོངས་པར་མུ་མཐུད་དུ་གནད་དོན་དེའི་ཐད་ནས་འབྲེལ་འདྲིས་བྱེད་རྒྱུ་ཡིན་ཟེར།

ཕུའུ་ཅིན་གྱིས་ཁ་པར་ཁྲོད་ཡང་བསྐྱར་ནན་གྱིས་བསྟན་དོན། ཨ་མེ་རི་ཁ་དང་དེའི་མནའ་མཐུན་གྲོགས་པོ་དག་གིས་སི་རི་ཡཱ་ལ་བཙན་འཛུལ་བྱེད་པའི་བྱ་སྤྱོད་དེས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་དང་བཅས་པའི་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་རྩ་དོན་ལ་གཏོར་བརླག་བཏང་ཡོད་པ་དང་། སི་རི་ཡཱའི་ཉམས་ཉེན་དེ་ཞི་བའི་སྒོ་ནས་ཐག་གཅོད་བྱེད་པར་གྱོང་གུད་ཆེན་པོ་བཟོས་ཡོད་ཟེར།

རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་གྲོས་མོལ་བྱེད་སྐབས་རྫས་འགྱུར་མཚོན་ཆ་གཏན་འགོག་རྩ་འཛུགས་ཀྱིས་སི་རི་ཡཱ་ནས་དངོས་ཡོད་དང་མཐུན་པའི་རྟོག་དཔྱོད་ཞིབ་མོ་བྱེད་པའི་གལ་ཆེན་རང་བཞིན་གླེང་། དེ་ལས་གཞན་ཕྱོགས་གཉིས་ཀྱིས་ད་རུང་བྱང་འདྲེན་རང་བྱུང་སོལ་རླངས་སྦུག་ལམ་ལས་གཞིའི་དངོས་འབེབ་གནས་ཚུལ་ཐད་ནས་བསམ་འཆར་བརྗེ་རེས་བྱས།

གཞན་ཡང་འཇར་མན་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། མའོ་ཁི་ཨར་གྱིས་ཉིན་དེར་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། ཁོ་མོས་ཕུའུ་ཅིན་དང་མཉམ་དུ་སྔོན་དཔག་ཐུབ་པའི་མ་འོངས་པའི་གནད་དོན་ལ་གྲོས་བསྡུར་བྱས་པ་དང་། ཕྱོགས་གཉིས་ཀྱིས་གཙོ་བོ་སི་རི་ཡཱའི་གནས་བབ་ལ་གྲོས་བསྡུར་བྱས།   །


རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།