ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་སྲིད་གཞུང་གིས་ཨ་མེ་རི་ཁའི་བཀག་སྡོམ་ཐེབས་པའི་ཨུ་རུ་སིའི་ཁེ་ལས་ལ་རོགས་སྐྱོར་བྱེད་རྒྱུ་ཁས་ལེན་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-04-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་རུ་སིའི་ཙུང་ལི་མེ་ཏི་ཝེ་ཅེ་ཧྥུའུ་ཡིས་ཚེས་བཅུ་བདུན་ཉིན་བསྟན་དོན། སྲིད་གཞུང་གིས་ཨ་མེ་རི་ཁའི་བཀག་སྡོམ་ཐེབས་པའི་ཨུ་རུ་སིའི་ཁེ་ལས་ལ་རོགས་སྐྱོར་བྱེད་རྒྱུ་ཁས་ལེན་བྱས་ཡོད་ཟེར།

མེ་ཏི་ཝེ་ཅེ་ཧྥུའུ་ཡིས་ཉིན་དེར་མའོ་སི་ཁི་ཀྲིག་ནས་ཨུ་རུ་སིའི་བཟོ་ལས་ཁེ་ལས་པའི་མནའ་འབྲེལ་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་མིར་ཐུག་འཕྲད་བྱེད་སྐབས། སྲིད་གཞུང་གིས་ཨ་མེ་རི་ཁའི་བཀག་སྡོམ་མིང་ཐོའི་ནང་བཀོད་པའི་ཨུ་རུ་སིའི་ཁེ་ལས་དག་ལ་རོགས་སྐྱོར་བྱེད་རྒྱུ་ཡིན་པ་དང་། ཆེས་གཙོ་བོ་ནི་ཁེ་ལས་ཀྱི་ཐོན་སྐྱེད་དང་བྱ་བའི་ལས་གནས་སྲུང་འཛིན་བྱེད་རྒྱུ་དེ་ཡིན། ཨུ་རུ་སི་ཡིས་རོགས་སྐྱོར་བྱེད་ཐབས་དེ་དག་འཕེལ་རྒྱས་བྱེད་ཐབས་སུ་བསྒྱུར་ཏེ། གང་ནུས་ཀྱིས་ཁེ་ལས་ཡུན་རིང་འཕེལ་རྒྱས་སུ་འགྲོ་བར་ཡར་སྐུལ་གཏོང་དགོས་ཟེར།

མེ་ཏི་བེ་ཅེ་ཧྥུའུ་ཡིས་བསྟན་དོན། ཨུ་རུ་སིའི་སྲིད་གཞུང་དང་ཁེ་ལས་དག་གིས་བཀག་སྡོམ་ལ་རྒོལ་བའི་བྱེད་ཐབས་ཤིག་འཚོལ་ཞིབ་བྱེད་དགོས་ཟེར།

ཨ་མེ་རི་ཁའི་སྲིད་གཞུང་གིས་ཉེ་སྔོན་ཨུ་རུ་སིའི་མི་སྒེར་དང་ཚོགས་པ་སྐོར་ཞིག་ལ་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱས། ཨ་མེ་རི་ཁའི་ཕོ་བྲང་དཀར་པོའི་མགྲིན་ཚབ་པ་སིང་ཏི་སི་ཡིས་ཚེས་བཅུ་དྲུག་ཉིན་བཤད་རྒྱུར། ཨ་མེ་རི་ཁས་ཨུ་རུ་སི་ལ་སྔར་ལས་ལྷག་པའི་བཀག་སྡོམ་བྱེད་ཐབས་སྤྱོད་པར་བསམ་བློ་གཏོང་བཞིན་ཡོད་པ་དང་། འབྲེལ་ཡོད་ཀྱི་ཆོད་དོན་དེ་ཉེ་སྔོན་འདོན་རྒྱུ་ཡིན་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།