ཀྲུང་གོ་བོད་ཀྱི་དྲ་བ།

ལཱ་ཅཱ་ཏི་ཡིས་ཉོ་ཚོང་སྲུང་སྐྱོབ་རིང་ལུགས་ཀྱི་བྱེད་ཐབས་ཚང་མ་མེད་པར་གཏོང་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-04-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ཚོགས་པའི་ཙུང་ཚེ་ལཱ་ཅཱ་ཏི་ཡིས་ཚེས19ཡི་ཉིན་རྒྱལ་ཁབ་སོ་སོའི་ཇུས་འདོན་མཁན་གྱིས་ཉོ་ཚོང་སྲུང་སྐྱོབ་རིང་ལུགས་ཀྱི་བྱེད་ཐབས་ཚང་མ་མེད་པར་བཏང་སྟེ། མུ་མཐུད་དུ་སྒྲིག་སྲོལ་རྨང་གཞིར་བྱས་པའི་ཕྱོགས་མང་ཉོ་ཚོང་སྒྲིག་གཞིར་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བཏང་།

ལཱ་ཅཱ་ཏི་ཡིས་ཝ་ཧྲིན་ཐོན་ནས་བསྡུས་པའི་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ཚོགས་པ་དང་འཛམ་གླིང་དངུལ་ཁང་གི་དཔྱིད་ཀའི་གྲོས་ཚོགས་ཀྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཕྱོགས་གཅིག་གི་ཉོ་ཚོང་ཚོད་འཛིན་བྱེད་ཐབས་ལ་ནུས་པ་ལྡན་པ་བདེན་དཔང་ཐོབ་མེད་ལ། ཐ་ན་ཡིད་ཆེས་ཇེ་ཞན་དུ་གཏོང་སྲིད་པས། རྒྱལ་ཁབ་སོ་སོས་རྒྱུན་སྲོལ་མིན་པའི་བྱེད་ཐབས་མི་སྤྱོད་པའི་གནས་ཚུལ་འོག་མཉམ་དུ་འགལ་བ་ཐག་གཅོད་བྱེད་དགོས་ཟེར། ཁོ་མོས་རྒྱལ་ཁབ་སོ་སོའི་ཇུས་འདོན་མཁན་གྱིས་ཉོ་ཚོང་སྲུང་སྐྱོབ་རིང་ལུགས་ཀྱི་བྱེད་ཐབས་ཚང་མ་མེད་པར་གཏོང་དགོས་པར་མ་ཟད། ལག་རྩལ་བཅོས་བསྒྱུར་དང་ཉོ་ཚོང་དབང་གིས་ལས་ཞུགས་ལས་གནས་གཞན་གྱིས་ཚབ་བྱེད་པའི་གནད་དོན་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།

ལཱ་ཅཱ་ཏི་ཡིས་བསྟན་དོན། ཞིབ་འཇུག་གི་རྣམ་པ་རེ་འགའ་ལས་མངོན་པ་ལྟར་ན། རྒྱལ་ནང་གི་ཐོན་སྐྱེད་སྤྱིའི་ཐོན་རིན་ལྟར་ཚད་འཇལ་བྱས་ན། དེང་སྐབས་ཀྱི་ཉོ་ཚོང་འགལ་བ་དེས་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་འཕར་སྣོན་ཐད་ཐེབས་པའི་ཤུགས་རྐྱེན་དེ་འདྲའི་མངོན་གསལ་མིན་ཡང་། གལ་ཆེ་བ་ནི་དུས་ཡུན་ཐུང་ངུའི་ནང་ཡིད་ཆེས་ཉམས་ཞན་དུ་གྱུར་བའི་ཤུགས་རྐྱེན་དེར་ཚད་འཇལ་བྱེད་དཀའ་ཟེར།

ཚོད་དཔག་བྱས་པ་ལྟར་ན་ལཱ་ཅཱ་ཏི་ཡིས་རྒྱལ་ཁབ་སོ་སོའི་ནོར་སྲིད་དང་ཀྲུང་དབྱང་དངུལ་ཁང་གི་མགོ་བ་དང་མཉམ་དུ་གཟའ་འཁོར་འདིའི་ཕྱོགས་གཉིས་དང་ཕྱོགས་མང་བོའི་གྲོས་མོལ་ཁྲོད་ཉོ་ཚོང་གི་གྲོས་གཞི་གླེང་རྒྱུ་ཡིན་པ་རེད། ཁོ་མོས་མིག་སྔར་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་ཉོ་ཚོང་གི་འབྲེལ་བ་ཧ་ཅང་དམ་ཟབ་ཡིན་པ་དང་། མཁོ་འདོན་མུ་འབྲེལ་དེ་རྒྱལ་ཁབ་མི་འདྲ་བ་མང་བོར་འབྲེལ་ཡོད་པས། ཉོ་ཚོང་འཁྲུག་རྩོད་བྱུང་ན། རྒྱལ་ཁབ་ཚང་མ་དང་འཚམ་གླིང་ཡོངས་ཀྱི་དཔལ་འབྱོར་ལ་གནོན་པ་ཐེབས་སྲིད་ལ། ཚང་མས་ཕྱོགས་མང་ཉོ་ཚོང་སྒྲིག་གཞིར་བཟུང་བའི་ཡིད་ཆེས་ཀྱང་ཉམས་དམས་སུ་འགྲོ་སྲིད་པའི་ཉེན་བརྡ་བཏང་།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།