ཀྲུང་གོ་བོད་ཀྱི་དྲ་བ།

ཧན་གོས་ཧན་གོ་དང་ཁྲའོ་ཞན་གྱི་མགོ་གཙོའི་ཐུག་འཕྲད་སྟེང་ཉིང་རྡུལ་མཚོན་ཆ་མེད་པར་གཏོང་བ་དང་ཞི་བདེའི་གནད་དོན་སྐོར་ནས་གཅིག་བསྡུས་ཀྱི་གྲོས་མོལ་བྱེད་རྒྱུ་ཡིན་ཞེས་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-04-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧན་གོའི་ཙུང་ཐུང་བཞུགས་ཤག་ཆིན་ཝ་ཐེ་ཡི་དྲུང་ཡིག་ཁང་གི་མགོ་གཙོ། ལྷོ་བྱང་མགོ་གཙོའི་ཐུག་འཕྲད་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་རིན་ཀྲུང་ཞི་ཡིས་ཚེས་ཉེར་དྲུག་ཉིན་སྨྱན་ལམ་ཁག་ལ་བཤད་རྒྱུར། ཉིས་སྟོང་བཅོ་བརྒྱད་ལོའི་ཧན་གོ་དང་ཁྲའོ་ཞན་གྱི་མགོ་གཙོའི་ཐུག་འཕྲད་གྱི་གྲོས་གཞི་གཙོ་བོ་ནི་ཁྲའོ་ཞན་ཕྱེད་གླིང་དུ་ཉིང་རྡུལ་མཚོན་ཆ་མེད་པར་གཏོང་བ་དང་ཕྱེད་གླིང་གི་དུས་གཏན་གྱི་ཞི་བདེ་འཛུགས་རྒྱུ་དེ་ཡིན་ལ། ཁྲའོ་ཞན་གྱི་ཉིང་རྡུལ་གནད་དོན་ཐད་ནས་གྲོས་མཐུན་འགོད་རྒྱུ་ནི་ཐེངས་འདིའི་ཐུག་འཕྲད་ཀྱི་དཀའ་གནད་ཡིན་ཟེར།

རིན་ཀྲུང་ཞི་ཡིས་ཉིན་དེར་ཉིས་སྟོང་བཅོ་བརྒྱད་ལོའི་ཧན་གོ་དང་ཁྲའོ་ཞན་གྱི་མགོ་གཙོའི་ཐུག་འཕྲད་ཀྱི་སྨྱན་ལམ་ལྟེ་གནས་གཙོ་བོ་ནས་གསར་འགོད་པའི་ཚོགས་འདུ་བསྡུས་ཏེ། ཐེངས་འདིའི་ཧན་གོ་དང་ཁྲའོ་ཞན་གྱི་མགོ་གཙོའི་ཐུག་འཕྲད་ཀྱི་ཉིན་རིམ་གཙོ་བོ་མཚམས་སྦྱོར་བྱས། ཁོས་བཤད་རྒྱུར། ཚེས་ཉེར་བདུན་ཉིན་གྱི་ས་དེའི་དུས་ཚོད་དགུ་དང་ཕྱེད་ཀའི་སྟེང་། ཁྲའོ་ཞན་གྱི་ཆེས་མཐོའི་མགོ་ཁྲིད་པ་ཅིན་ཀྲིན་ཨིན་པན་མིན་ཏེན་ནས་དམག་དོན་ས་མཚམས་བརྒལ་ཏེ། ཧན་གོའི་ཙུང་ཐུང་ཝུན་ཙེ་དབྱིན་དང་ཐོག་མའི་ཐུག་འཕྲད་བྱེད་རྒྱུ་རེད་ཟེར།

དེའི་རྗེས་སུ། ཧན་གོ་དང་ཁྲའོ་ཞན་གྱི་མགོ་གཙོས་ཧན་གོའི་སྐམ་མཚོ་མཁའ་གསུམ་དམག་དཔུང་གི་གཟབ་སྦྲེངས་རུ་ཁག་ལ་མཉམ་དུ་གཟིགས་བཤེར་བྱེད་རྒྱུ་ཡིན་ལ། ཚོད་དཔག་བྱས་ན་དངོས་གཞིའི་ཐུག་འཕྲད་ནི་ས་དེའི་དུས་ཚོད་བཅུ་དང་ཕྱེད་ཀ་ནས་བཟུང་སྤེལ་རྒྱུ་རེད། ཕྱི་དྲོར་ཁོ་གཉི་ག་དམག་དོན་ས་མཚམས་ཉེ་འདབས་ནས་སྡོང་འཛུགས་བྱ་འགུལ་ལ་ཞུགས་རྒྱུ་ཡིན་པ་དང་། སྡོང་བོ་བཙུགས་རྗེས་མུ་མཐུད་དུ་གྲོས་མོལ་བྱེད་རྒྱུ་རེད། ཕྱི་དྲོའི་གྲོས་མོལ་མཇུག་རྫོགས་རྗེས། འཆར་གཞི་ལྟར་ན་རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་གྲོས་ཆོད་བཀོད་དེ་སྒྲོག་སྤེལ་བྱེད་རྒྱུ་རེད།

བསྒྲགས་པའི་གནས་ཚུལ་ལྟར་ན། ཧན་གོའི་ཆིན་ཝ་ཐེ་དྲུང་ཡིག་ཁང་གི་མགོ་གཙོ་རིན་ཀྲུང་ཞི་དང་། རྒྱལ་ཁབ་བདེ་སྲུང་ཁང་མགོ་གཙོ་ཀྲིན་དབྱི་རོང་། ཁྲའོ་ཞན་ཆེས་མཐོའི་མི་དམངས་གྲོས་ཚོགས་རྒྱུན་འཁུར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཅིན་ཡུང་ནན་དང་། ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་པུའུ་ཀྲང་གཞོན་པ་དང་པོ་ཅིན་ཡུས་ཀྲིན་སོགས་ཧན་གོ་དང་ཁྲའོ་ཞན་གྱི་དཔོན་རིགས་དག་གྲོས་མོལ་ལ་ཞུགས་རྒྱུ་རེད།

ཧན་གོ་དང་ཁྲའོ་ཞན་ཕྱོགས་གཉིས་ཀྱིས་གྲོས་མོལ་བྱས་ཏེ་ཟླ་བཞི་པའི་ཚེས་ཉེར་བདུན་ཉིན་པན་མེན་ཏེན་གྱི་ཧན་གོའི་ཕྱོགས་སུ་ཡོད་པའི་ཞི་བདེའི་ཁྱིམ་གཞིས་ཞེས་པ་དེ་ནས་ཧན་གོ་དང་ཁྲའོ་ཞན་གྱི་མགོ་གཙོའི་ཐུག་འཕྲད་སྤེལ་རྒྱུའི་ཐག་བཅད་ཡོད།

དེ་ནི་ཧན་གོ་དང་ཁྲའོ་ཞན་གྱི་མགོ་གཙོའི་ཐུག་འཕྲད་ཐེངས་གསུམ་པ་རེད། ཉིས་སྟོང་ལོར། ཧན་གོའི་ཙུང་ཐུང་ཅིན་ཏ་ཀྲུང་གོས་ཁྲའོ་ཞན་ལ་འཚམས་འདྲི་བྱས་ཏེ་ཁྲའོ་ཞན་གྱི་ཆེས་མཐོའི་མགོ་ཁྲིད་པ་ཅིན་ཀྲིན་རི་དང་མཉམ་དུ་ལྷོ་བྱང་ཐུན་མོང་བསྒྲགས་གཏམ་སྟེང་མིང་བཀོད། ཉིས་སྟོང་བདུན་ལོར། ཧན་གོའི་ཙུང་ཐུང་ལུའུ་ཝུའུ་ཞོན་གྱིས་ཁྲའོ་ཞན་ལ་འཚམས་འདྲི་བྱས་ཏེ་ཅིན་ཀྲིན་རི་དང་མཉམ་དུ་ལྷོ་བྱང་འབྲེལ་བའི་འཕེལ་རྒྱས་དང་ཞི་བདེ་དར་རྒྱས་བསྒྲགས་གཏམ་སྟེང་མིང་བཀོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།