ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོའི་དབུས་ཤར་གནད་དོན་གྱི་ཆེད་མངག་ཕོ་ཉས་སོ་ཏི་ཨ་རབ་ཀྱི་དཔོན་རིགས་དང་མཉམ་དུ་དབུས་ཤར་ས་ཁུལ་གྱི་གནས་བབ་ལ་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-05-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སོ་ཏི་ཨ་རབ་ཏུ་འཚམས་འདྲི་བྱེད་བཞིན་པའི་ཀྲུང་གོའི་དབུས་ཤར་གནད་དོན་གྱི་ཆེད་མངག་ཕོ་ཉ་ཀུང་ཞའོ་ཧྲིན་གྱིས་ཚེས་དྲུག་ཉིན་དབུས་ཤར་ས་ཁུལ་གྱི་གནས་བབ་ཐད་ནས་སོ་ཏི་ཨ་རབ་སྲིད་གཞུང་གི་དཔོན་རིགས་བར་གྲོས་མོལ་བྱས།

ཀུང་ཞའོ་ཧྲིན་གྱིས་སོ་ཏི་ཨ་རབ་ཀྱི་ཕྱི་འབྲེལ་པུའུ་ཡི་ཆབ་སྲིད་དང་དཔལ་འབྱོར་ལས་དོན་གྱི་ལས་རོགས་པ་གཞོན་པ་ཨ་ཅི་ལེ་ལ་ཐུག་འཕྲད་བྱེད་སྐབས་བཤད་རྒྱུར། དབུས་ཤར་ས་ཁུལ་གྱི་གནས་བབ་མིག་སྔར་རྙོག་འཛིང་ཆེ་ཞིང་། སི་རི་ཡཱའི་ནང་འཁྲུག་དང་། ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད། ཡེ་མིན་གྱི་ཟིང་འཁྲུག དེ་མིན་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་དང་འབྲེལ་བའི་རྩོད་གླེང་སོགས་གནད་དོན་དག་གིས་ས་ཁུལ་གྱི་ཞི་བདེ་དང་གཏན་འཇགས་ལ་འཇིགས་ཉེན་ཚབས་ཆེན་བཟོས་ཡོད་པས། ཀྲུང་གོའི་ཕྱོགས་ཀྱིས་དོན་དེར་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་ཟེར།

ཀུང་ཞའོ་ཧྲིན་གྱིས་བཤད་རྒྱུར། དབུས་ཤར་ས་ཁུལ་གྱི་རྒྱལ་ཁབ་དག་གི་གྲོགས་པོ་ཡིན་པའི་ཆ་ནས། ཀྲུང་གོས་ས་ཁུལ་དེའི་རྒྱལ་ཁབ་དག་གིས་ཆབ་སྲིད་གྲོས་མོལ་ལ་བརྟེན་ནས་འགལ་བ་ཐག་གཅོད་བྱས་ཏེ། ཁྲག་བཞུར་འཁྲུག་རྩོད་སྔ་མོ་ནས་མཇུག་སྒྲིལ་བ་བ་དང་། དབུས་ཤར་ས་ཁུལ་གྱི་ཞི་བདེ་དང་གཏན་འཇགས་མངོན་འགྱུར་བྱེད་པར་རེ་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་དོན་དེའི་ཐད་འདུམ་འགྲིག་གི་ནུས་པ་འདོན་སྤེལ་བྱས་ཏེ། འབྲེལ་ཡོད་གནད་དོན་སྔ་མོ་ནས་ཐག་གཅོད་བཟང་བོ་བྱེད་པར་ཡར་སྐུལ་གཏོང་འདོད་ཡོད་ཟེར།

ཨ་ཅི་ལེ་ཡིས་ཀྲུང་གོས་དབུས་ཤར་གནད་དོན་ཐད་འདྲ་མཉམ་དང་དྲང་བདེན། སྒེར་སེམས་མེད་པའི་ལངས་ཕྱོགས་བཟུང་བར་གཟེངས་བསྟོད་བྱས།

ཨ་ཅི་ལེ་ཡིས་བསྟན་དོན། ཀྲུང་གོས་ཉིན་རེར་ཇེ་ཆེར་འགྲོ་བཞིན་པའི་རྒྱལ་སྤྱིའི་ཤུགས་རྐྱེན་དང་ས་ཁུལ་འདིའི་རྒྱལ་ཁབ་བར་གྱི་མཛའ་མཐུན་འབྲེལ་བའི་ཁྱད་སྟོབས་བེད་སྤྱད་དེ། དབུས་ཤར་ས་ཁུལ་གྱི་ཞི་བདེའི་འཕེལ་རིམ་ཐད་ནུས་པ་སྔར་ལས་ཆེན་པོ་འདོན་དགོས་པའི་རེ་བ་བཏོན།

ཚེས་ལྔ་ཉིན། ཀུང་ཞའོ་ཧྲིན་གྱིས་ད་རུང་སྤྱི་ཁྱབ་པུའུ་ལེ་ཡཱ་ཏི་རུ་ཡོད་པའི་སི་རི་ཡཱའི་གྲོས་མོལ་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་ཨ་ཁཱ་ཧྲི་དང་མཉམ་དུ་སི་རི་ཡཱའི་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།