ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁུན་ནེ་ཡཱའི་ནང་སྲིད་པུའུ་ཡི་པུའུ་ཀྲང་གཞོན་པ་ཅི་པུས་ཆའོ་ཡིས་ཚེས་དགུའི་ཉིན་གསལ་སྒྲོག་སྤེལ་ཏེ། ཟླ་གསུམ་པའི་ཚུན་ལ། ཁུན་ནེ་ཡཱ་རུ་བསྟུད་མར་ཆར་བ་དྲག་པོ་བབས་ཏེ་ཆུ་ལོག་གི་གནོད་འཚེ་བྱུང་ནས། མི་བརྒྱ་དང་སོ་གཉིས་རྐྱེན་ལམ་དུ་ཤོར་བ་དང་། མི་འབུམ་གཉིས་དང་ཁྲི་གཉིས་ལྷག་ལ་འགྲོ་སའི་ཁྱིམ་མེད་པར་གྱུར་ཡོད་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། ཁུན་ནེ་ཡཱའི་སྲིད་གཞུང་གིས་གནོད་ཐེབས་མང་ཚོགས་ལ་རིན་ཐང་མེ་སྒོར་ས་ཡ་དྲུག་ཙམ་གྱི་འབྲུ་རིགས་བྱིན་པ་དང་། གཞན་ད་རུང་སྨན་རྫས་མང་བོ་བྱིན་ནས་རིམས་ནད་སྔོན་འགོག་བྱས་ཡོད་ཟེར།
ཁུན་ནེ་ཡཱའི་ཐེངས་འདིའི་ཆར་ཆུ་མོད་པའི་དུས་ཚིགས་ཀྱི་ཡུན་ཚད་རིང་བ་དང་ཁྱབ་རྒྱ་ཆེ་ལ། དྲག་ཚད་ཆེ། རྒྱལ་ས་ནེ་ལོ་པུས་དང་གྲོང་ཁྱེར་ཆེན་པོ་གཉིས་པ་མིན་པཱ་སཱ་ནས་སྲང་ལམ་རེ་འགའ་དུས་རྒྱུན་ཆུ་ལོག་གིས་བསྣུབས་ཡོད་པས་འགྲིམ་འགྲུལ་ཐད་གནོད་པ་ཆེན་པོ་ཐེབས་ཡོད།
ཁུན་ནེ་ཡཱའི་རྒྱ་གྲམ་དམར་པོ་ཚོགས་པའི་དྲུང་ཡིག་ཆེན་མོ་ཀུའུ་ལེ་ཐི་ཡིས་ཉེ་སྔོན་བསྟན་དོན། ཁུན་ནེ་ཡཱའི་རྫོང་ཞེ་བདུན་ཁྲོད་ནས་ཉུང་མཐར་ཡང་རྫོང་སོ་གཉིས་ལ་ཆུ་ལོག་གི་གནོད་པ་ཐེབས་ཡོད་ཅིང་། ནུབ་ཕྱོགས་ཀྱི་ཅི་སུའུ་མུའུ་དང་ཤར་ཕྱོགས་ཀྱི་ཅི་ལེ་ཧྥེ། ཐཱ་ནཱ་གཙང་བོ། ལྷོ་ཕྱོགས་ཀྱི་མཱ་ཁུའུ་ཨེ་ནེ། ཁཱ་ཅཱ་ཏའོ། བྱང་ཕྱོགས་ཀྱི་མན་ཏི་ལཱ། མཱ་སཱ་པུས་ཐི་སོགས་རྫོང་ཁག་བཅུ་གཅིག་ལ་གནོད་འཚེ་ཐེབས་ཆེས་ཚབས་ཆེན་ཡིན་ཟེར།
ཁུན་ནེ་ཡཱའི་གནམ་གཤིས་བརྟག་དཔྱད་ཁང་གིས་ཉེ་སྔོན་ཉེན་བརྡ་བཏང་སྟེ། མང་ཚོགས་ཀྱིས་བསྟུད་མར་ཆར་བ་བབས་པ་ལས་བྱུང་བའི་རི་ཉིལ་བའི་དོན་རྐྱེན་ལ་མཉམ་འཇོག་བྱེད་དགོས་པའི་གསལ་འདེབས་བྱས།