ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་ཡིས་དབྱི་སི་རལ་དང་དབྱི་ལིང་གིས་གྲོས་མོལ་ལ་བརྟེན་ནས་གནད་དོན་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-05-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕའེ་སི་ཁི་ཧྥུའུ་དང་ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ། ཕྱི་འབྲེལ་བློན་ཆེན་གཞོན་པ་པའོ་ཀི་ཏན་ནོའུ་ཧྥུའུ་བཅས་ཀྱིས་ཚེས་བཅུའི་ཉིན་སོ་སོར་དབྱི་སི་རལ་དང་དབྱི་ལིང་གིས་རང་ཚོད་བཟུང་ནས། གྲོས་མོལ་ལ་བརྟེན་ཏེ་ཕན་ཚུན་བར་གྱི་གནད་དོན་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།

ཕའེ་སི་ཁི་ཧྥུའུ་ཡིས་ཉིན་དེར་སོ་ཆི་ནས་གསར་འགྱུར་ལས་རིགས་ལ་བསྟན་དོན། དབྱི་སི་རལ་དང་དབྱི་ལིང་གིས་ཉེ་སྔོན་ཕན་ཚུན་བར་ཁ་ཚིག་དྲག་པའི་གསལ་སྒྲོག་སྤེལ་བཞིན་ཡོད། ཨུ་རུ་སིའི་ཕྱོགས་ཀྱིས་དབྱི་སི་རལ་དང་དབྱི་ལིང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཚབས་ཆེན་དུ་གྱུར་བར་སེམས་ཁུར་བྱེད་བཞིན་ཡོད་པ་དང་། ཕྱོགས་གཉིས་ཀྱིས་རང་ཚོད་བཟུང་ཞིང་ཆབ་སྲིད་དང་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་ཕན་ཚུན་བར་གྱི་གནད་དོན་ཐག་གཅོད་བྱེད་པར་རེ་བ་བཅངས་ཡོད་ཟེར།

ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས་བཅུའི་ཉིན་མའོ་སི་ཁི་ནས་བསྟན་དོན། ཨུ་རུ་སིའི་ཕྱོགས་ཀྱིས་ནམ་རྒྱུན་རྒྱལ་ཁབ་སོ་སོས་སི་རི་ཡཱའི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བར་བརྩི་འཇོག་བྱེད་དགོས་པ་ནན་བཤད་བྱེད་བཞིན་ཡོད། ཉེ་ལམ་ཨུ་རུ་སིའི་ཕྱོགས་ཀྱིས་དབྱི་སི་རལ་དང་དབྱི་ལིང་བར་ཐེངས་མང་བོར་འབྲེལ་འདྲིས་བྱས་ཏེ། དབྱི་སི་རལ་དང་དབྱི་ལིང་གིས་ཕན་ཚུན་བར་དཀྲུག་འཕེན་གྱི་བྱ་སྤྱོད་སྤེལ་བར་སྔོན་འགོག་བྱེད་དགོས་པ་ནན་བཤད་བྱས་ཀྱང་། རྒྱལ་ཁབ་གཉིས་བར་སྔར་བཞིན་འགལ་བ་བྱུང་ཡོད་ཟེར། ཁོས་བཤད་རྒྱུར། ཨུ་རུ་སིའི་ཕྱོགས་ཀྱིས་དོན་དེར་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད་པ་དང་། གོང་སྨྲས་ཀྱི་གནད་དོན་ཚང་མ་གྲོས་མོལ་ལ་བརྟེན་ནས་ཐག་གཅོད་བྱེད་དགོས་པར་འདོད་ཡོད་ཟེར།

ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གཞོན་པ་པའོ་ཀི་ཏན་ནོའུ་ཧྥུའུ་ཡིས་ཉིན་དེར་ཨུ་རུ་སིའི་ནུབ་ཕྱོགས་ཀྱི་ཁཱ་ཧྲན་གྲོང་ཁྱེར་ནས་བསྟན་དོན། དབྱི་སི་རལ་དང་དབྱི་ལིང་བར་གྱི་འབྲེལ་བ་ཛ་དྲག་ཏུ་གྱུར་བ་ལས། སི་རི་ཡཱའི་བདག་དབང་གི་རྒྱལ་ཁབ་དེའི་མངའ་ཁོངས་སུ་དོན་རྐྱེན་ཚབས་ཆེན་འབྱུང་དུ་བཅུག་ཡོད་པས་མི་སེམས་ནས་བཟོད་དཀའ་བ་ཞིག་རེད། གནས་ཚུལ་འདི་རིགས་ཀྱིས་འབྲེལ་ཡོད་ཕྱོགས་སོ་སོས་སི་རི་ཡཱའི་མངའ་ཁོངས་སུ་འཇིགས་སྐུལ་ངོ་རྒོལ་བྱེད་པ་དང་ཆབ་སྲིད་ལ་བརྟེན་ནས་སི་རི་ཡཱའི་གནད་དོན་ཐག་གཅོད་བྱེད་པའི་ཤུགས་ཚད་ཇེ་ཆེར་གཏོང་བར་གནོད་པ་ཐེབས་སྲིད། ཨུ་རུ་སིའི་ཕྱོགས་ཀྱིས་དོན་དེར་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད་པ་དང་། ས་ཁུལ་དེར་གསར་དུ་བྱུང་བའི་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་བར་བརྩོན་པ་བྱེད་རྒྱུ་ཡིན་ཟེར།

དབྱི་སི་རལ་རྒྱལ་སྲུང་དམག་དཔུང་གི་གསར་འགྱུར་མགྲིན་ཚབ་པ་ཁང་རོས་ཁི་སི་ཡིས་ཚེས་བཅུའི་ཉིན་བཤད་རྒྱུར། ཚེས་དགུ་ཉིན་གྱི་ནམ་གུང་དང་ཚེས་བཅུ་ཉིན་གྱི་ཞོགས་པར། དབྱི་ལིང་དབྱི་སི་ལན་གསར་བརྗེ་ཉེན་སྲུང་རུ་ཁག་གི་ལྷ་མཁར་སྟོང་ཤོག་གིས་སི་རི་ཡཱའི་མངའ་ཁོངས་ཀྱི་དམག་དོན་རྟེན་གཞི་ནས་དབྱི་སི་རལ་གྱིས་ཚོད་འཛིན་བྱེད་པའི་ཀི་ལན་མཐོ་སྒང་ལ་མེ་ཤུགས་འཕུར་མདའ་ཉི་ཤུ་གཏོང་འཕེན་བྱས་པ་དང་། དེའི་རྗེས་སུ་དབྱི་སི་རལ་གྱི་དམག་དཔུང་གིས་དབྱི་ལིང་གི་སི་རི་ཡཱའི་མངའ་ཁོངས་སུ་བཙུགས་པའི་སྒྲིག་ཆས་མང་བོར་ཆམ་ཕབ་བཏང་བ་རེད་ཟེར།

སི་རི་ཡཱའི་དམག་ཕྱོགས་ཀྱིས་ཚེ་བཅུའི་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་དམག་ཕྱོགས་ཀྱིས་ཉིན་དེར་སི་རི་ཡཱ་ལ་འཕུར་མདའི་འཇབ་རྒོལ་བྱས་ཏེ། མི་གསུམ་རྐྱེན་ལམ་དུ་ཤོར་བ་དང་། མི་གཉིས་ལ་རྨས་ཕོག སི་རི་ཡཱའི་དམག་དོན་སྒྲིག་ཆས་མང་བོར་གཏོར་བརླག་ཐེབས་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།