ཀྲུང་གོ་བོད་ཀྱི་དྲ་བ།

ཁྲའོ་ཞན་གྱིས་ཟླ་འདིའི་ཟླ་སྨད་བྱང་ཕྱོགས་ཀྱི་ཉིང་རྡུལ་ནུས་པའི་ཚོད་ལྟའི་ར་བ་བསྐྱུར་རྒྱུ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-05-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁྲའོ་ཞན་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་སྤེལ་བའི་སྤྱི་སྒྲོག་ལྟར་ན། ཚོད་དཔག་བྱས་ན་ཁྲའོ་ཞན་བྱང་ཕྱོགས་ཀྱི་ཉིང་རྡུལ་ནུས་པའི་ཚོད་ལྟའི་ར་བ་བསྐྱུར་བའི་མཛད་སྒོ་དེ་ཟླ་ལྔ་བའི་ཚེས་ཉེར་གསུམ་ཉིན་ནས་ཚེས་ཉེར་ལྔ་ཉིན་བར་ནམ་ཟླའི་གནས་ཚུལ་ལྟར་སྤེལ་རྒྱུ་རེད། ཐེངས་འདིའི་བྱ་འགུལ་ལ་རྒྱལ་སྤྱིའི་གསར་འགོད་ཚོགས་པས་ཡུལ་དངོས་ནས་བཅར་འདྲི་བྱེད་དུ་འཇུག་རྒྱུ་རེད།

སྤྱི་སྒྲོག་ལས་བཤད་རྒྱུར། ཁྲའོ་ཞན་ངལ་རྩོལ་ཏང་གི་སྐབས་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་གྲོས་ཆོད་ལྟར་ན། ཉིང་རྡུལ་ནུས་པའི་མཚོན་ཆའི་ཞིབ་འཇུག་ཁང་སོགས་འབྲེལ་ཡོད་ལས་ཁུངས་ཀྱིས་ཉིང་རྡུལ་ནུས་པའི་ཚོད་ལྟའི་མངོན་གསལ་རང་བཞིན་ལ་འགན་སྲུང་བྱེད་ཆེད། ཁྲའོ་ཞན་བྱང་ཕྱོགས་ཀྱི་ཉིང་རྡུལ་ནུས་པའི་ཚོད་ལྟའི་ར་བ་བསྐྱུར་བར་འཐབ་ཇུས་འདོན་བཞིན་ཡོད།

སྤྱི་སྒྲོག་ལས་བཤད་རྒྱུར། སྐབས་ཐོག་དེར་དྲག་ཤུགས་ལ་བརྟེན་ནས་ཉིང་རྡུལ་ནུས་པའི་ཚོད་ལྟའི་ར་བའི་ཕུག་ལམ་ཚང་མ་གཏོར་ནས་འགག་ཏུ་བཅུག་རྗེས། ས་ངོས་ཀྱི་ལྟ་ཞིབ་སྒྲིག་ཆས་དང་ཞིབ་འཇུག་ཁང་། དོགས་ཟོན་དམག་དཔུང་གི་བཟོ་སྐྲུན་ཚང་མ་བཤིག་རྒྱུ་ཡིན་ལ། དེ་ལས་གཞན་དོགས་ཟོན་མི་སྣ་དང་ཞིབ་འཇུག་མི་སྣ་ཚང་མ་ཕྱིར་འཐེན་བྱེད་རྒྱུ་མ་ཟད། ཉིང་རྡུལ་ནུས་པའི་ཚོད་ལྟའི་ར་བ་དེའི་ཉེ་འཁོར་གྱི་ས་ཁོངས་ཡོངས་སུ་བཀག་སྡོམ་བྱེད་རྒྱུ་ཡིན་ཟེར།

སྤྱི་སྒྲོག་ལས་བཤད་རྒྱུར། ཐེངས་འདིའི་ཉིང་རྡུལ་ནུས་པའི་ཚོད་ལྟའི་ར་བ་བསྐྱུར་བའི་བྱ་འགུལ་གྱི་མངོན་གསལ་རང་བཞིན་འབུར་དུ་ཐོན་ཆེད། ཁྲའོ་ཞན་རྒྱལ་ནང་གི་སྨྱན་བྱད་ལས་ཁུངས་དང་རྒྱལ་སྤྱིའི་གསར་འགོད་པའི་ཚོགས་པས་ཡུལ་དངོས་ནས་བཅར་འདྲི་བྱེད་དུ་འཇུག་རྒྱུ་རེད། ཉིང་རྡུལ་ནུས་པའི་ཚོད་ལྟའི་ར་བ་གུ་དོག་པར་དམིགས་ཏེ། རྒྱལ་སྤྱིའི་གསར་འགོད་པའི་ཚོགས་པའི་ཁོངས་མི་ནི་ཀྲུང་གོ་དང་ཨུ་རུ་སི། ཨ་མེ་རི་ཁ། དབྱིན་ཇི། ཧན་གོ་བཅས་ནས་ཡོང་བའི་གསར་འགོད་པ་ཡིན་དགོས། དེ་མིན་ཁྲའོ་ཞན་ཕྱོགས་ཀྱིས་འགྲིམ་འགྲུལ་དང་སྡོད་གནས། འཕྲིན་གཏོང་སོགས་ཐད་ཀྱི་འགན་སྲུང་བྱེད་ཐབས་རབ་དང་རིམ་པ་སྤྱོད་རྒྱུ་རེད།

སྤྱི་སྒྲོག་ལས་ད་རུང་ཁྲའོ་ཞན་ཕྱེད་གླིང་དང་འཛམ་གླིང་གི་ཞི་བདེ་དང་གཏན་འཇགས་ལ་སྲུང་སྐྱོབ་བྱེད་ཆེད། ཁྲའོ་ཞན་གྱིས་སྔར་བཞིན་དུ་ཉེ་འཁོར་གྱི་རྒྱལ་ཁབ་དང་རྒྱལ་སྤྱིའི་སྤྱི་ཚོགས་བར་འབྲེལ་འདྲིས་ཟབ་མོ་བྱས་ཏེ་གྲོས་མོལ་གང་ལེགས་བྱེད་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།