ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་ཤར་ཕྱོགས་ས་ཁུལ་ནས་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི་བཅོ་བརྒྱད་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-05-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་ཤར་ཕྱོགས་ཀྱི་ནན་ཀི་ཧཱ་ཨར་ཞིང་ཆེན་གྱི་དཔོན་རིགས་ཀྱིས་ཚེས་བཅུ་གསུམ་ཉིན་བཤད་རྒྱུར། ཞིང་ཆེན་དེའི་ལྟེ་གནས་གྲོང་ཁྱེར་ཅཱ་ལཱ་ལཱ་པཱ་ཏི་གྲོང་ཁྱེར་ནས་ཉིན་དེར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ། འཇབ་རྒོལ་མཁན་དང་བཅས་པའི་མི་བཅོ་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་ཞེ་གཉིས་ལ་རྨས་ཕོག་ཡོད་ཟེར།

ནན་ཀི་ཧཱ་ཨར་ཞིང་ཆེན་སྲིད་གཞུང་གི་མགྲིན་ཚབ་པ་ཧའོ་ཅི་ཡཱ་ནེ་ཡིས་བསྟན་དོན། ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་དེ་ཚེས་བཅུ་གསུམ་ཉིན་གྱི་ཉིན་གུང་ཅཱ་ལཱ་ལཱ་པཱ་ཏི་གྲོང་ཁུལ་གྱི་སྲིད་གཞུང་གཞུང་སྒྲུབ་ཐོག་ཁང་ཆེན་མོའི་ཉེ་འགྲམ་དུ་བྱུང་བ་རེད། རྟོག་ཞིབ་རགས་ཙམ་བྱས་པའི་མཇུག་འབྲས་ལྟར་ན། ཉུང་མཐར་ཡང་འཇབ་རྒོལ་མཁན་མི་བརྒྱད་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་ལ་ཞུགས་ཡོད། དེའི་ནང་འཇབ་རྒོལ་མཁན་གཉིས་ཀྱིས་རླངས་འཁོར་འགད་རྫས་འགས་གཏོར་བཏང་སྟེ་ཤི་བ་དང་། གཞན་ཡང་མི་དྲུག་གིས་བདེ་འཇགས་མི་སྣ་དང་འཁྲུག་རྩོད་བྱེད་སྐབས་བསད་པ་རེད་ཟེར།

བསྒྲགས་པ་ལྟར་ན། འཇབ་རྒོལ་ཐེབས་པའི་སྲིད་གཞུང་གི་གཞུང་སྒྲུབ་ཐོག་ཁང་དེ་ས་དེའི་ནོར་སྲིད་སྡེ་ཁག་ལ་གཏོགས་པ་རེད། འཇབ་རྒོལ་མཁན་གྱིས་གཞུང་སྒྲུབ་ཐོག་ཁང་གི་ཕྱི་རོལ་ནས་རླངས་འཁོར་འགས་གཏོར་བཏང་བ་དང་། དེའི་རྗེས་སུ་ཐོག་ཁང་ནང་དུ་འགྲོ་རྩིས་བྱས་ཏེ་བདེ་འཇགས་མི་སྣའི་བར་འཁྲུག་རྩོད་བྱུང་། འཁྲུག་རྩོད་དེ་དུས་ཚོད་ལྔ་ལྷག་ལས་བརྒལ་བ་དང་། མི་མང་བོ་ཐོག་ཁང་ནང་དུ་ཁེགས་ཡོད། འདས་པོའི་གྲས་སུ་ཉུང་མཐར་ཡང་ཉེན་རྟོག་པ་གཅིག་དང་སྲིད་གཞུང་གི་ལས་བྱེད་མི་སྣ་གསུམ་འདུས་ཟེར།

དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁྱབ་སྒྲོག་བྱས་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།