ཀྲུང་གོ་བོད་ཀྱི་དྲ་བ།

ཆིན་ཝ་ཐེ་ཡིས་ཁྲའོ་ཞན་གྱིས་ཉིང་རྡུལ་ནུས་པའི་ཚོད་ལྟའི་ར་བ་བསྐྱུར་རྒྱུ་ཁྱབ་སྒྲོག་བྱས་པར་དགའ་བསུ་ཞུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-05-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧན་གོའི་ཙུང་ཐུང་བཞུགས་ཤག་ཆིན་ཝ་ཐེ་ཡི་མགྲིན་ཚབ་པ་ཅིན་དབྱེ་ཆན་གྱིས་ཚེས་བཅུ་གསུམ་ཉིན་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། ཁྲའོ་ཞན་ཕྱོགས་ཀྱིས་ཚེས་ཉེར་གསུམ་ཉིན་ནས་ཚེས་ཉེར་ལྔ་ཉིན་བར་འགས་གཏོར་གྱི་ཐབས་ལ་བརྟེན་ནས་བྱང་ཕྱོགས་ཀྱི་ཉིང་རྡུལ་ནུས་པའི་ཚོད་ལྟའི་ར་བ་མེད་པར་གཏོང་རྒྱུ་ཁྱབ་སྒྲོག་བྱས་པ་དེ་ལས་ཁྲའོ་ཞན་ཕྱོགས་ཀྱིས་ཧན་གོ་དང་ཁྲའོ་ཞན་གྱི་མགོ་གཙོའི་གྲོས་མོལ་སྟེང་གི་དམ་བཅའ་ལག་ལེན་དུ་བསྟར་བཞིན་པའི་མཚོན་རྟགས་ཡིན་པས། ཧན་གོ་ཕྱོགས་ཀྱིས་དོན་དེར་དགའ་བསུ་བྱེད་བཞིན་ཡོད་ཟེར།

ཅིན་དབྱེ་ཆན་གྱིས་བསྟན་དོན། ཁྲའོ་ཞན་དང་ཨ་མེ་རི་ཁའི་མགོ་ཁྲིད་པས་གྲོས་མོལ་མ་བྱས་གོང་སྔར་ལས་ལྷག་པའི་སྒོ་ནས་ཕན་ཚུན་བར་གྱི་ཡིད་ཆེས་ཇེ་ཟབ་ཏུ་གཏོང་བའི་རེ་བ་ཡོད་ཟེར། ཁོས་བསྟན་དོན། ཧན་གོ་དང་ཀྲུང་གོ། ཨ་མེ་རི་ཁ། དབྱིན་ཇི། ཨུ་རུ་སི་བཅས་ཀྱི་གསར་འགོད་པ་བཅར་འདྲིའི་ཡུལ་དངོས་སུ་གདན་དྲངས་པ་དེ་ལས་ཐེངས་འདིའི་ཉིང་རྡུལ་ནུས་པའི་ཚོད་ལྟའི་ར་བ་བསྐྱུར་བའི་བྱ་འགུལ་དེ་མངོན་གསལ་ཡིན་པ་མཚོན་ཡོད་ཟེར། ཧྥུན་ཞི་ལི་ཁུན་ལམ་གྱི་འགས་གཏོར་གྱི་སྒྲ་དེ་ཁྲའོ་ཞན་ཕྱེད་གླིང་ཉིང་རྡུལ་མེད་པའི་ལམ་དུ་བསྐྱོད་པའི་རྟེན་འབྲེལ་དུ་འགྱུར་བར་རེ་སྒུག་བྱས་ཡོད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།