ཀྲུང་གོ་བོད་ཀྱི་དྲ་བ།

ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་ཛ་དྲག་ཏུ་གྱུར་ནས་ཕཱ་ལེ་སི་ཐན་གྱི་མི་སོ་བདུན་རྐྱེན་ལམ་དུ་ཤོར་བ་དང་མི་བརྒྱ་ཕྲག་འགར་རྨས་ཕོག

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-05-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

23b7bb6719c480e2b22c8308aa01a28c.jpg

ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་ཛ་དྲག་ཏུ་གྱུར་ནས་ཕཱ་ལེ་སི་ཐན་གྱི་མི་སོ་བདུན་རྐྱེན་ལམ་དུ་ཤོར་བ་དང་མི་བརྒྱ་ཕྲག་འགར་རྨས་ཕོག

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཅཱ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གི་དཔོན་རིགས་ཀྱིས་བཤད་རྒྱུར། ཕཱ་ལེ་སི་ཐན་གྱི་མི་ཁྲི་ཕྲག་འགའ་ཅཱ་ཧྲའི་མཐའ་མཚམས་ས་ཁུལ་དུ་འདུས་ཏེ། ཨ་མེ་རི་ཁས་གཞུང་ཚབ་ཁང་ཡེ་ལུའུ་སཱ་ལེམ་དུ་གནས་སྤར་བར་ངོ་རྒོལ་བྱས། ཁྲག་བཞུར་འཁྲུག་རྩོད་དེའི་རྗེས་སུ་བྱུང་བ་རེད། མིག་སྔའི་བར་ཉུང་མཐར་ཡང་ཕཱ་ལེ་སི་ཐན་གྱི་མི་སོ་བདུན་རྐྱེན་ལམ་དུ་ཤོར་བ་དང་། མི་བརྒྱ་ཕྲག་འགར་རྨས་ཕོག་ཡོད་ཟེར།

འཕྲོད་བསྟེན་སྡེ་ཁག་གི་དཔོན་རིགས་ཀྱིས་བསྟན་དོན། དབྱི་སི་རལ་དང་ཅཱ་ཧྲའི་མཐའ་མཚམས་ས་ཁུལ་གྱི་ངོ་རྒོལ་དོན་རྐྱེན་སྔར་ལས་ཛ་དྲག་ཏུ་གྱུར་བ་དང་། ཉུང་མཐར་ཡང་ཕཱ་ལེ་སི་ཐན་གྱི་མི་བཞི་བརྒྱ་དང་ཞེ་བརྒྱད་ལ་མེ་མདའི་རྨས་སྐྱོན་ཕོག་ཡོད་པ་དང་། གཞན་ཡང་མི་བརྒྱ་ཕྲག་འགའ་ལ་དུད་འཕྱུར་འགད་རྫས་སོགས་ཀྱི་གནོད་པ་ཐེབས་ཡོད་ཟེར།

ཟླ་ལྔ་བའི་ཚེས་བཅུ་བཞིའི་ཉིན། ཡེ་ལུའུ་སཱ་ལེམ་དུ་སྤར་བའི་དབྱི་སི་རལ་དུ་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཁང་གསར་བས་སྒོ་འབྱེད་མཛད་སྒོ་སྤེལ། ཉིན་དེར་ཅཱ་ཧྲ་ས་ཁུལ་དུ་གཞི་རྒྱ་ཆེ་བའི་ངོ་རྒོལ་དང་འཁྲུག་རྩོད་དོན་རྐྱེན་བྱུང་སྟེ་མི་སྣར་ཤི་རྨས་ཚབས་ཆེན་བྱུང་བ་རེད།

དབྱི་སི་རལ་དབང་འཛིན་ལས་ཁུངས་ཀྱིས་བསྟན་དོན། དམག་དཔུང་གིས་མདེལ་དངོས་མ་བཀོལ་བ་དང་། རྒྱལ་མཚམས་ཀྱི་འགོག་སྲུང་ར་བར་གཏོར་བརླག་ཐེབས་པར་སྔོན་འགོག་བྱེད་པའི་ཆེད་ཡིན་ཟེར།

དེ་ལས་གཞན་ཡེ་ལུའུ་སཱ་ལེམ་གྱི་ཉེ་འདབས་སུ། ཕཱ་ལེ་སི་ཐན་གྱི་མི་བཅུ་ཕྲག་འགའ་དང་དབྱི་སི་རལ་གྱི་དམག་དཔུང་བར་འཁྲུག་རྩོད་བྱུང་། ཡེ་ལུའུ་སཱ་ལེམ་དང་པའོ་ལེ་ཧིན་གྱི་བར་དུའང་འཁྲུག་རྩོད་བྱུང་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།