རྒྱ་གར་བྱང་ཕྱོགས་པང་ནས་མཐོར་འདེགས་ཟམ་པ་ཞིག་བརྡིབས་ནས་མི་བཅུ་དྲུག་རྐྱེན་ལམ་དུ་ཤོར།

3a5d79c029bffac998057a5512d68406.jpg

ཟླ་ལྔ་བའི་ཚེས་བཅོ་ལྔ་ཉིན། རྒྱ་གར་བྱང་ཕྱོགས་པང་ཝ་ལཱ་ནཱ་ཞི་ས་ཁུལ་ནས། མི་མང་བོ་མཐོར་འདེགས་ཟམ་པ་བརྡིབས་པའི་ཡུལ་དངོས་སུ་འདུས་ཡོད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱ་གར་བྱང་ཕྱོགས་པང་ནས་ཚེས་བཅོ་ལྔ་ཉིན་མཐོར་འདེགས་ཟམ་པ་ཞིག་བརྡིབས་པའི་དོན་རྐྱེན་བྱུང་སྟེ། ཉུང་མཐར་ཡང་མི་བཅུ་དྲུག་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་མང་བོ་ཞིག་རོའི་འོག་ཏུ་མནན།

བསྒྲགས་པ་ལྟར་ན། རྡིབས་སྐྱོན་ཤོར་བའི་མཐོར་འདེགས་ཟམ་པ་དེ་བྱང་ཕྱོགས་པང་གི་ཝ་ལཱ་ནཱ་ས་ཁུལ་གྱི་མེ་འཁོར་ས་ཚིགས་ཤིག་གི་ཉེ་འདབས་སུ་ཡོད་པ་དང་། ལྟེ་གནས་གྲོང་ཁྱེར་ལེ་ཁི་ནོའུ་ཤར་ལྷོའི་ཕྱོགས་ཀྱི་སྤྱི་ལེ་སུམ་བརྒྱ་ཙམ་གྱི་མཚམས་ཡིན། བྱང་ཕྱོགས་པང་གི་དབུ་བཞུགས་པུའུ་ཀྲང་ཡོ་ཅི་ཡིས་སྲིད་གཞུང་སྡེ་ཁག་གིས་རྒུད་སྐྱོབ་འགུལ་སྐྱོད་མྱུར་མོར་སྤེལ་དགོས་པའི་མཛུབ་སྟོན་གནང་། དབུ་བཞུགས་པུའུ་ཀྲང་གཞོན་པ་ཕུའུ་ལཱ་སཱ་ཏི་དོན་རྐྱེན་བྱུང་སའི་ཡུལ་དངོས་སུ་འབྱོར་ཡོད། ས་དེའི་སྲིད་གཞུང་གིས་རྒུད་སྐྱོབ་མི་སྣ་མངག་གཏོང་བྱས་ཡོད་པ་རེད།

རྒྱ་གར་གྱི་ཙུང་ལི་མའོ་ཏིས་ཀྱིས་དྲ་ཐོག་ཏུ་གསལ་སྒྲོག་སྤེལ་ཏེ། དོན་རྐྱེན་དེ་ལས་མི་སྣར་ཤི་རྨས་བཟོས་པར་ཡིད་སྐྱོ་བའི་ཚུལ་བསྟན་པ་དང་འབྲེལ་ཡོད་མི་སྣར་འཚམས་འདྲི་བྱས་པར་མ་ཟད། རྒུད་སྐྱོབ་ཐད་དགོས་ངེས་ཀྱི་རོགས་རམ་གང་རུང་བྱེད་རྒྱུའི་ཚུལ་བསྟན།རྒུད་སྐྱོབ་མི་སྣས་བཤད་རྒྱུར། མིག་སྔར་ཡུལ་དངོས་སུ་མི་བཅུ་དྲུག་རྐྱེན་ལམ་དུ་ཤོར་ཡོད་པ་རྙེད་ཡོད་ལ། ཚོད་དཔག་བྱས་ན་མི་རེ་འགའ་ཞིག་རོའི་འོག་ཏུ་མནན་ཡོད་སྲིད་པས། འདས་པོའི་ཁ་གྲངས་སྔར་ལས་ཇེ་མང་དུ་འགྲོ་སྲིད་ཟེར།

གནས་ཚུལ་དངོས་སུ་མཐོང་མཁན་གྱིས་བཤད་རྒྱུར། ཞིག་རོའི་འོག་ཏུ་མནན་པའི་མི་མང་ཆེ་བ་ནི་བཟོ་སྐྲུན་ལས་བཟོ་བ་དང་ལམ་འགྲོ་བ་རེད། གཞན་ཡང་རླངས་འཁོར་རེ་འགར་ཡང་མཐོར་འདེགས་ཟམ་པའི་བརྡིབས་པ་ལས་གཏོར་བརླག་ཐེབས་ཡོད་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།