མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཡོ་རོབ་གླིང་མནའ་འབྲེལ་གྱིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་སླར་གསོ་བྱེད་པའི་ཐད་འབད་བརྩོན་བྱས་པར་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་བཅུ་དྲུག་ཉིན་པུའུ་ལུའུ་སེར་ནས་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཡོ་རོབ་གླིང་མནའ་འབྲེལ་གྱིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་སླར་གསོ་བྱེད་པའི་ཐད་འབད་བརྩོན་བྱས་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།

ཀུའུ་ཐི་ལོས་སི་ཡིས་ཉིན་དེར་ཡོ་རོབ་གླིང་མནའ་འབྲེལ་སྤྱི་ཁྱབ་པུའུ་ལ་འཚམས་འདྲི་བྱས་པ་དང་། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོནལྷན་ཁང་གི་ཀྲུའུ་ཞི་རོང་ཁི་དང་། ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་མའོ་ཀའེ་ལི་ནེ་གཉིས་དང་གྲོས་མོལ་བྱས། གྲོས་མོལ་བྱས་རྗེས་རོང་ཁི་དང་མཉམ་དུ་སྤེལ་བའི་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། ད་ལྟ་ང་ཚོས་ཉེན་ཁའི་འཇིག་རྟེན་ཁྲོད་འཚོ་བ་རོལ་བཞིན་ཡོད་པ་དང་། ཉིང་རྡུལ་ནུས་པ་རྒྱ་ཡན་དུ་མི་གཏོང་བའི་རྐྱེན་སྲོལ་ལ་ལོ་བཅུ་ཕྲག་འགའི་རིང་ཐོག་དང་པོར་ཡིད་མི་ཆེས་པའི་སྣང་ཚུལ་བྱུང་སོང་ཟེར།

ཁོས་བསྟན་དོན། ཉེན་ཁའི་འཇིག་རྟེན་དེ་འདྲའི་ཁྲོད་ཕྱོགས་མང་བཅོས་སྐྱོང་རྐྱེན་སྲོལ་དང་རྒྱལ་སྤྱིའི་འབྲེལ་བར་སྲུང་སྐྱོབ་བྱེད་པའི་དགོས་གལ་ཧ་ཅང་ཆེ་ཟེར། ཁོས་ཡོ་རོབ་གླིང་མནའ་འབྲེལ་གྱིས་དེའི་ཐད་བཏོན་པའི་ནུས་པར་གཟེངས་བསྟོད་བྱས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ནུས་ཤུགས་གང་ཡོད་ཀྱིས་ཡོ་རོབ་གླིང་མནའ་འབྲེལ་གྱིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལ་སྲུང་སྐྱོབ་བྱེད་པའི་བྱ་བར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་ནན་བཤད་བྱས།

རོང་ཁི་ཡིས་གསར་འགོད་པའི་ཚོགས་འདུའི་སྟེང་ཡོ་རོབ་གླིང་མནའ་འབྲེལ་གྱིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལ་སྲུང་སྐྱོབ་བྱེད་པའི་ཆོད་སེམས་བསྐྱར་སྒྲོག་བྱས་པ་དང་། ཁོས་ས་ཁུལ་གྱི་ཞི་བདེ་དང་འཛམ་གླིང་གི་ཞི་བདེ་ལ་སྲུང་སྐྱོབ་བྱེད་པ་དེ་གལ་འགངས་ཧ་ཅང་ཆེ་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།