ཀྲུང་གོ་བོད་ཀྱི་དྲ་བ།

སོ་ཏི་ཨ་རབ་ཀྱིས་མགོ་ཁྲིད་པའི་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གིས་ཧུའུ་སེ་དྲག་ཆས་པའི་གྲུ་གཟིངས་གཉིས་གཏོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-05-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སོ་ཏི་ཨ་རབ་ཀྱིས་མགོ་ཁྲིད་པའི་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གིས་ཚེས་ཉེར་གསུམ་ཉིན་མཚོ་དམར་འགྲམ་བརྒྱུད་ཀྱི་སྤྱི་བའི་མཚོ་ཁོངས་ནས་ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པའི་གྲུ་གཟིངས་བཞི་ལ་དཔུང་འཇུག་བྱས་ཏེ། དེའི་ནང་གྲུ་གཟིངས་གཉིས་གཏོར་བ་དང་། གཞན་གྲུ་གཟིངས་གཉིས་བྲོས་བྱོལ་བྱས་པ་རེད།

བསྒྲགས་པ་ལྟར་ན། སྐབས་ཐོག་དེར་མཚོ་དམར་སྟེང་བགྲོད་པའི་སྣུམ་འདྲུད་གྲུ་གཟིངས་ཤིག་ལ་ཧུའུ་སེ་དྲག་ཆས་པའི་གྲུ་གཟིངས་ཀྱི་འཇིགས་ཉེན་ཐེབས་པས། རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གི་བཀོད་འདོམ་ཐེབས་པའི་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་དྲག་ཆས་དམག་དཔུང་གིས་དེར་འགུལ་སྐྱོད་སྤེལ་བ་རེད་ཟེར།

བསྒྲགས་པའི་གནས་ཚུལ་ལས་སྣུམ་འདྲུད་གྲུ་གཟིངས་དེར་གཏོར་བརླག་ཐེབས་མིན་གྱི་གནས་ཚུལ་ཞིབ་ཏུ་བསྒྲགས་མེད།

བསྒྲགས་པ་ལྟར་ན། ཧུའུ་སེ་དྲག་ཆས་པས་ཚོང་དོན་གྲུ་གཟིངས་ལ་འཇབ་རྒོལ་བྱེད་པའི་འཇིགས་སྐུལ་རིང་ལུགས་ཀྱི་བྱ་སྤྱོད་དེས་མཚོ་དམར་གྱི་ཚོང་ལས་འགྲུལ་ལམ་གྱི་བདེ་འཇགས་ལ་འཇིགས་ཉེན་ཐེབས་བཞིན་ཡོད་ཟེར།

ཉིས་སྟོང་བཅུ་བཞི་ལོའི་ཟླ་དགུ་བར། ཡེ་མིན་ཧུའུ་སེ་དྲག་ཆས་པས་རྒྱལ་ས་སཱ་ནཱ་འཕྲོག་ལེན་བྱས་པ་དང་། དེའི་རྗེས་སུ་ཡེ་མིན་ལྷོ་ཕྱོགས་ས་ཁུལ་བཙན་བཟུང་བྱས་ཏེ། ཙུང་ཐུང་ཧཱ་ཏིས་སོ་ཏི་ཨ་རབ་ཏུ་ཉེན་ཡོལ་བྱེད་དུ་མི་འགྲོ་ཐབས་མེད་བྱུང་། ཉིས་སྟོང་བཅོ་ལྔ་ལོའི་ཟླ་གསུམ་པར། སོ་ཏི་ཨ་རབ་སོགས་རྒྱལ་ཁབ་ཀྱིས་ཧུའུ་སེ་དྲག་ཆས་པར་དམིགས་པའི་ཚབ་མིང་ལ་འཕྲལ་རྒོལ་དྲག་རླུང་ཞེས་པའི་དམག་དོན་འགུལ་སྐྱོད་སྤེལ་བ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།