ཀྲུང་གོ་བོད་ཀྱི་དྲ་བ།

ཝུན་ཙེ་ཡུན་གྱིས་ཧན་གོ་དང་ཁྲའོ་ཞན་གྱི་མགོ་གཙོས་ཨ་མེ་རི་ཁ་དང་ཁྲའོ་ཞན་གྱི་མགོ་ཁྲིད་པའི་གྲོས་མོལ་དུས་ལྟར་སྤེལ་བར་རེ་བ་བྱེད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-05-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧན་གོའི་ཙུང་ཐུང་ཝུན་ཙེ་ཡུན་གྱིས་ཚེས་ཉེར་བདུན་ཉིན་ཙུང་ཐུང་བཞུགས་ཤག་ཆིན་ཝ་ཐེ་ནས་སྔ་ཉིན་གྱི་ཧན་གོ་དང་ཁྲའོ་ཞན་གྱི་མགོ་ཁྲིད་པའི་གྲོས་མོལ་གྲུབ་འབྲས་ཁྱབ་སྒྲོག་བྱས། ཁོས་བསྟན་དོན། ཕྱོགས་གཉིས་ཀྱིས་ཟླ་དྲུག་པའི་ཚེས་བཅུ་གཉིས་ཉིན་གྱི་ཨ་མེ་རི་ཁ་དང་ཁྲའོ་ཞན་གྱི་མགོ་ཁྲིད་པའི་གྲོས་མོལ་དུས་ལྟར་བདེ་བླག་ངང་ཚོགས་པར་རེ་བ་བྱས་ཡོད་པར་མ་ཟད། གང་མགྱོགས་སྒོས་པན་མིན་མགྲོན་ཁང་གི་བསྒྲགས་གཏམ་ལག་བསྟར་བྱེད་དགོས་པའི་འདོད་བློ་ཡང་བསྐྱར་བསྟན་ཡོད་ཟེར།

ཝུན་ཙེ་ཡུན་གྱིས་བསྟན་དོ། ཁོས་ཁྲའོ་ཞན་རྒྱལ་སྲིད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཅིན་ཀྲིན་ཨིན་ལ་རང་ཉིད་ཀྱིས་ཉེ་སྔོན་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་བར་གྲོས་མོལ་བྱས་པའི་གནས་ཚུལ་མཚམས་སྦྱོར་བྱས་པ་དང་། ཅིན་ཀྲིན་ཨིན་ལ་ཐི་ལིང་ཕུའུ་ཡི་འགྱུར་མེད་རེ་འདུན་བརྒྱུད་སྒྲོག་བྱས། ཁྲའོ་ཞན་ཕྱོགས་ཀྱིས་ཉིང་རྡུལ་ནུས་པ་རྩ་བ་ནས་མེད་པར་གཏོང་བའི་ཆོད་སེམས་བརྟན་པོ་ཡོད་ན། ཨ་མེ་རི་ཁའི་ཕྱོགས་ཀྱིས་ཁྲའོ་ཞན་བར་གྱི་དགྲར་འཛིན་འབྲེལ་བ་མཚམས་འཇོག་རྒྱུ་དང་། ཁྲའོ་ཞན་བར་དཔལ་འབྱོར་མཉམ་ལས་སྤེལ་རྒྱུ་ཡིན་ཟེར།

ཝུན་ཙེ་ཡུན་གྱིས་བསྟན་དོན། ཨ་མེ་རི་ཁ་དང་ཁྲའོ་ཞན་ཕྱོགས་གཉིས་ཀྱིས་ཐད་ཀར་གྲོས་མོལ་ལ་བརྟེན་ནས་གོ་ལོག་སེལ་བ་དང་། དངོས་གཉེར་གྲོས་མོལ་ལ་བརྟེན་ནས་ཨ་མེ་རི་ཁ་དང་ཁྲའོ་ཞན་གྱི་མགོ་ཁྲིད་པའི་གྲོས་མོལ་གྱི་གྲོས་གཞིར་གྲོས་བསྡུར་གང་ལེགས་བྱེད་པའི་དགོས་པ་ཡོད་ཟེར། ཅིན་ཀྲིན་ཨིན་དོན་དེར་ཡིད་འཐད་ཡིན་པའི་ཚུལ་བསྟན།

ཝུན་ཙེ་ཡུན་གྱིས་བཤད་རྒྱུར། ཅིན་ཀྲིན་ཨིན་གྱིས་ཁོ་ལ་རྣམ་པར་ཚོད་འཛིན་མེད་པར་གྲོས་མོལ་བྱེད་པའི་འདོད་བློ་བསྟན་པར་ཁོས་དང་ལེན་བྱས་ཡོད་པ་དང་། ཁོ་དང་ཅིན་ཀྲིན་ཨིན་གཉིས་ཀྱིས་ཕྱིན་ཆད་དགོས་པ་ཡོད་པའི་སྐབས་སུ་གྲོས་མོལ་སྤེལ་བ་དང་ཡང་ན་རྣམ་པ་གཞན་པའི་འབྲེལ་འདྲིས་བྱེད་རྒྱུ་ཐག་བཅད་ཡོད་ཟེར།

ཝུན་ཙེ་ཡུན་གྱིས་བཤད་རྒྱུར། ཅིན་ཀྲིན་ཨིན་གྱིས་གྲོས་མོལ་བྱེད་སྐབས་ཁྲའོ་ཞན་ཕྱེད་གླིང་གི་ཉིང་རྡུལ་ནུས་པ་རྩ་བ་ནས་མེད་པར་གཏོང་བའི་རེ་འདུན་ཡང་བསྐྱར་བསྟན་པར་མ་ཟད། ཁྲའོ་ཞན་དང་ཨ་མེ་རི་ཁའི་མགོ་ཁྲིད་པའི་གྲོས་མོལ་ལ་བརྟེན་ནས་འཐབ་འཁྲུག་དང་དགྲར་འཛིན་གྱི་ལོ་རྒྱུས་ལ་རྩིས་གསལ་བོ་བརྒྱག་པ་དང་། ཞི་བདེ་དང་དར་རྒྱས་ཀྱི་ཆེད་དུ་མཉམ་ལས་བྱེད་པའི་རེ་བ་ཡོད་པའི་ཚུལ་བསྟན་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།