ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་དམག་དཔུང་གིས་བར་སྣང་འཇབ་རྒོལ་བྱས་ཏེ་སོ་མཱ་ལིའི་ན་གཞོན་ཏང་གི་དྲག་ཆས་ཉེས་ཅན་ཉེར་བདུན་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-06-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་ཨ་ཧྥེ་རི་ཁ་གླིང་གི་དམག་སྤྱི་ཁང་གིས་ཚེས་བཞིའི་ཉིན་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁའི་དམག་དཔུང་གིས་ཚེས་གཉིས་ཉིན་སོ་མཱ་ལིའི་ན་གཞོན་ཏང་ཞེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དམིགས་འབེན་ལ་བར་སྣང་འཇབ་རྒོལ་བྱས་ཏེ། རྩ་འཛུགས་དེའི་དྲག་ཆས་ཉེས་ཅན་ཉེར་བདུན་བསད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཐེངས་འདིའི་བར་སྣང་འཇབ་རྒོལ་ནི་སོ་མཱ་ལིའི་སྲིད་གཞུང་གི་རམ་འདེགས་འོག་སྤེལ་བ་ཡིན་ཞིང་། ཆམ་ཕབ་གཏོང་བའི་དམིགས་འབེན་ནི་སོ་མཱ་ལིའི་བྱང་ཕྱོགས་ཀྱི་གྲུ་ཁའི་གྲོང་ཁྱེར་པའོ་སཱ་སོའི་ལྷོ་ནུབ་ཕྱོགས་ཀྱི་སྤྱི་ལེ་ཞེ་གཉིས་མཚམས་ཀྱི་ས་ཁོངས་སུ་གནས་ཟེར།

གསལ་སྒྲོག་ལས་བསྟན་དོན། ཨ་མེ་རི་ཁའི་དམག་དཔུང་གིས་མུ་མཐུད་དུ་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་སོ་མཱ་ལི་རུ་སྡོད་པའི་ཆེད་མངག་ཚོགས་པ་དང་སོ་མཱ་ལིའི་བདེ་འཇགས་དམག་དཔུང་བར་མཉམ་ལས་བྱས་ཏེ། འཇིགས་སྐུལ་ཉེས་ཅན་དང་དེ་སྦས་སྐོང་བྱེད་ས་དང་སྦྱོང་བརྡར་བྱེད་སར་ཆམ་ཕབ་གཏོང་རྒྱུ་ཡིན་ཟེར།

སོ་མཱ་ལིའི་ན་གཞོན་ཏང་ནི་རྟེན་གཞིའི་རྩ་འཛུགས་ལ་འབྲེལ་བ་ཡོད་པའི་ཐལ་སྤྱོད་རྩ་འཛུགས་ཤིག་ཡིན་པ་དང་། ཉེ་བའི་ལོ་འགའི་རིང་སོ་མཱ་ལི་དང་དེའི་ཁྱིམ་མཚེས་རྒྱལ་ཁབ་དག་ཏུ་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་མང་དུ་བཟོ་བཞིན་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།