ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་མངག་ཕོ་ཉས་ཡེ་མིན་འཁྲུག་རྩོད་ཕྱོགས་ཁག་སོ་སོས་གྲོས་མོལ་སླར་གསོ་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-06-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡེ་མིན་གནད་དོན་གྱི་ཆེད་མངག་ཕོ་ཉ་ཀི་ལི་ཧྥེ་སི་ཡིས་ཚེས་ལྔ་ཉིན་ཡེ་མིན་འཁྲུག་རྩོད་ཕྱོགས་ཁག་སོ་སོས་གྲོས་མོལ་སླར་གསོ་བྱེད་དགོས་པའི་སྐུལ་མ་བཏང་བ་དང་། སཱ་ནཱ་རྒྱལ་སྤྱིའི་གནམ་གྲུ་ཐང་ཡང་བསྐྱར་སྒོ་འབྱེད་བྱས་ཏེ་ཡེ་མིན་གྱི་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་ཞི་འཇགས་སུ་གཏོང་དགོས་པའི་འབོད་སྐུལ་བཏང་།

ཉིན་དེར་ཀི་ལི་ཧྥེ་སི་ཡིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཉེ་བའི་ཉིན་འགའི་རིང་། ཁོས་ཧུའུ་སེ་དྲག་ཆས་པ་དང་ཡེ་མིན་སྔོན་ཆད་ཀྱི་ཙུང་ཐུང་སཱ་ལེ་ཧི་ལ་བློ་དཀར་བའི་ཡེ་མིན་རྒྱལ་ཡོངས་མི་དམངས་ཚོགས་ཆེན་ཏང་གི་མགོ་ཁྲིད་པའི་བར་གྲོས་མོལ་བྱས་པ་དང་། ཁོ་ཚོའི་གྲོས་མོལ་སླར་གསོ་བྱེད་པའི་ཐད་ཀྱི་བསམ་འཆར་ལ་ཉན། ཁོས་ཉིན་བཅུའི་ནང་ཐེངས་འདིའི་འཚམས་འདྲིའི་སྙན་ཞུ་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་སྤྲོད་རྒྱུ་རེད།

ཀི་ལི་ཧྥེ་སི་ཡིས་ད་རུང་སཱ་ནཱ་རྒྱལ་སྤྱིའི་གནམ་གྲུ་ཐང་ཡང་བསྐྱར་སྒོ་འབྱེད་བྱས་ཏེ། རྒུད་སྐྱོབ་དངོས་རྫས་སྐྱེལ་འདྲེན་གྱི་ཤུགས་ཚད་ཇེ་ཆེར་བཏང་ནས་ཡེ་མིན་གྱི་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་ཞི་འཇགས་སུ་གཏོང་དགོས་པའི་འབོད་སྐུལ་བཏང་།

སོ་ཏི་ཨ་རབ་ཀྱིས་མགོ་ཁྲིད་པའི་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གིས་ཉིས་སྟོང་བཅུ་དྲུག་ལོ་ནས་བཟུང་ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་ཚོད་འཛིན་བྱེད་པའི་སཱ་ནཱ་གནམ་གྲུ་ཐང་ལ་བཀག་སྡོམ་བྱས་པའི་དབང་གིས་རྒྱལ་སྤྱིའི་རྩ་འཛུགས་ཀྱི་རྒུད་སྐྱོབ་དངོས་རྫས་སྐྱེལ་འདྲེན་བྱེད་པའི་གནམ་གྲུ་ཉུང་ཤོས་ཙམ་མ་གཏོགས་འཕུར་འབབ་བྱེད་དུ་འཇུག་གིན་མེད།

ཉིན་དེར་ཧུའུ་སེ་དྲག་ཆས་པས་གསལ་སྒྲོག་སྤེལ་ཏེ། གལ་ཏེ་ཕྱོགས་སོ་སོའི་འདུན་པ་རྣམ་དག་ཡིན་ན། ཧུའུ་སེ་དྲག་ཆས་པས་གྲོས་མོལ་བྱེད་འདོད་ཡོད་ཀྱང་། སྔོན་འགྲོའི་ཆ་རྐྱེན་ནི་ངེས་པར་དུ་ཡེ་མིན་དུ་ཡོད་པའི་ཕྱི་རྒྱལ་སྟོབས་ཤུགས་མེད་པར་གཏོང་དགོས་ཟེར།

ཀི་ལི་ཧྥེ་སི་ཚེས་གཉིས་ཉིན་སཱ་ནཱ་རུ་འབྱོར་ནས་དུས་ཡུན་ཉིན་བཞིའི་འཚམསའདྲི་བྱས་པ་རེད། ད་ལོའི་ཟླ་གཉིས་པར། ཀི་ལི་ཧྥེ་སི་ཡིས་ཞེ་ཧི་ཨེ་ཧཱ་མེད་ཏིའི་ཚབ་ཏུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡེ་མིན་གནད་དོན་གྱི་ཆེད་མངག་ཕོ་ཉ་གསར་བའི་འགན་ཁུར་བ་རེད། དེ་ནི་ཁོས་འགན་ཁུར་བའི་ཚུན་ལ་ཐེངས་གཉིས་པར་ཡེ་མིན་དུ་འཚམས་འདྲི་བྱས་པ་རེད། སཱ་ནཱ་རུ་མ་སོང་གོང་ཀི་ལི་ཧྥེ་སི་ཡིས་ད་རུང་སོ་ཏི་ཨ་རབ་ཀྱི་ལེ་ཡཱ་ཏི་ནས་ཡེ་མིན་གྱི་ཙུང་ཐུང་ཧཱ་ཏིས་ལ་ཐུག་འཕྲད་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།