ཀྲུང་གོ་བོད་ཀྱི་དྲ་བ།

ཡོ་རོབ་གླིང་མནའ་འབྲེལ་དང་ཧྥ་རན་སི། འཇར་མན། དབྱིན་ཇི་བཅས་ཀྱིས་མཉམ་འབྲེལ་སྒོས་ཨ་མེ་རི་ཁས་དབྱི་ལིང་དུ་ཡོད་པའི་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁེ་ལས་སྲོག་ཐར་ལ་གཏོང་དགོས་པའི་རེ་བ་བཏོན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-06-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧྥ་རན་སིའི་དཔལ་འབྱོར་དང་ནོར་སྲིད་པུའུ་ཀྲང་ལེ་མཱེ་ཨར་གྱིས་ཚེས་དྲུག་ཉིན་བཤད་རྒྱུར། ཧྥ་རན་སི་དང་འཇར་མན། དབྱིན་ཇི། ཡོ་རོབ་གླིང་མནའ་འབྲེལ་བཅས་ཀྱི་འཐུས་མིས་ཉེ་སྔོན་མཉམ་འབྲེལ་སྒོས་ཨ་མེ་རི་ཁའི་ནོར་སྲིད་པུའུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་འཕྲིན་ཡིག་བསྐུར་ཏེ། ཨ་མེ་རི་ཁ་ཕྱོགས་ཀྱིས་དབྱི་ལིང་གི་ཚོང་རར་ཞུགས་པའི་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁེ་ལས་སྲོག་ཐར་ལ་གཏོང་དགོས་པའི་རེ་བ་བཏོན།

ལེ་མཱེ་ཨར་གྱིས་ཁྱབ་སྒྲོག་བྱས་པ་ལྟར་ན། ཧྥ་རན་སི་དང་འཇར་མན། དབྱིན་ཇི། ཡོ་རོབ་གླིང་མནའ་འབྲེལ་བཅས་ཀྱིས་ཨ་མེ་རི་ཁར་ཉིས་སྟོང་བཅུ་དྲུག་ལོའི་ཟླ་དང་པོའི་ཚེས་བཅུ་དྲུག་ཉིན་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ནུས་ལྡན་དུ་གྱུར་རྗེས་སུ་དབྱི་ལིང་བར་གན་རྒྱ་བཀོད་པའི་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁེ་ལས་སྲོག་ཐར་ལ་གཏོང་བ་དང་། དབྱི་ལིང་བར་མུ་མཐུད་དུ་དངུལ་བསྡུའི་བྱེད་སྒོ་སྤེལ་བཞིན་པའི་ཁེ་ལས་སྲོག་ཐར་ལ་གཏོང་བ་སོགས་གཞི་རྩའི་རེ་བ་སྣ་དྲུག་བཏོན་པ་དང་། ཞོར་དུ་མཉམ་འབྲེལ་སྒོས་བསྐུར་བའི་འཕྲིན་ཡིག་ལས་རེ་བ་དེ་དག་ཁྲོད་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁེ་ལས་ཀྱིས་ཨ་མེ་རི་ཁའི་ནོར་སྲིད་པུའུ་ཕྱི་རྒྱལ་རྒྱུ་ནོར་དོ་དམ་གཞུང་སྒྲུབ་ཁང་ལ་ཐད་ཀར་བཏོན་པའི་རེ་བ་འདུས་མེད་པ་ནན་བཤད་བྱས།

མཉམ་འབྲེལ་སྒོས་བསྐུར་བའི་འཕྲིན་ཡིག་ལས་ད་རུང་བཤད་རྒྱུར། ཨ་མེ་རི་ཁས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལས་ཕྱིར་འབུད་རྒྱུ་ཐག་བཅད་ཡོད་ཀྱང་། ཧྥ་རན་སི་དང་འཇར་མན། དབྱིན་ཇི། ཡོ་རོབ་གླིང་མནའ་འབྲེལ་བཅས་ཀྱིས་སྔར་བཞིན་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ནི་དབྱི་ལིང་གིས་ཉིང་རྡུལ་མཚོན་ཆ་གསར་སྤེལ་བྱེད་པར་སྔོན་འགོག་བྱེད་པའི་བྱེད་ཐབས་ཆེས་བཟང་བོ་ཞིག་ཡིན་པར་ཡིད་ཆེས་བྱས་ཡོད་ལ། མིག་སྔར་དེའི་ཚབ་བྱེད་རུང་ཞིང་བློ་གཏོད་བྱས་ཆོག་པའི་ཇུས་གཞི་ཞིག་མེད། ཨ་མེ་རི་ཁའི་མནའ་མཐུན་གྲོགས་པོ་ཡིན་པའི་ཆ་ནས། ཧྥ་རན་སི་དང་འཇར་མན། དབྱིན་ཇི། ཡོ་རོབ་གླིང་མནའ་འབྲེལ་བཅས་ཀྱིས་ཨ་མེ་རི་ཁས་ཡོ་རོབ་གླིང་གི་བདེ་འཇགས་ཁེ་ཕན་ལ་གནོད་པའི་འགུལ་སྐྱོད་སྤེལ་སྐབས་རང་ཚོད་འཛིན་པའི་རེ་བ་བཅངས་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།