ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་གྱི་ཞིབ་བཤེར་ས་ཚིགས་མང་བོར་ཐཱ་ལེ་པན་གྱི་འཇབ་རྒོལ་ཐེབས་ཏེ་མི་སོ་བདུན་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-06-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་བྱང་ཕྱོགས་ཀྱི་ཁོན་ཏུའུ་ཧྲི་ཞིང་ཆེན་དང་ནུབ་ཕྱོགས་ཀྱི་ཧི་ལཱ་ཐི་ཞིང་ཆེན་གྱི་བདེ་འཇགས་ཞིབ་བཤེར་ས་ཚིགས་མང་བོར་ཚེས་དགུ་ཉིན་ནས་ཚེས་བརྒྱད་ཉིན་གྱི་དགོང་མོར་ཐཱ་ལེ་པན་གྱི་དྲག་ཆས་ཉེས་ཅན་གྱི་འཇབ་རྒོལ་ཐེབས་ཏེ། ཉུང་མཐར་ཡང་བདེ་འཇགས་མི་སྣ་དང་དམག་མི་འདུས་པའི་མི་སོ་བདུན་རྐྱེན་ལམ་དུ་ཤོར།

ཁོན་ཏུའུ་ཧྲི་ཞིང་ཆེན་གྱི་ཉེན་རྟོག་པའི་མགྲིན་ཚབ་པ་ཞིག་གིས་ཚེས་དགུའི་ཉིན་གསར་འགོད་པར་བདེན་དཔང་བྱས་དོན། ཐཱ་ལེ་པན་གྱི་དྲག་ཆས་མི་སྣས་ཉིན་དེའི་ཞོགས་པར་ཞིང་ཆེན་དེའི་བདེ་འཇགས་ཞིབ་བཤེར་ས་ཚིགས་མང་བོར་འཇབ་རྒོལ་བྱས་ཏེ། ས་དེའི་བདེ་འཇགས་མི་སྣ་ཉི་ཤུ་རྐྱེན་ལམ་དུ་ཤོར། དེའི་ནང་ཉེན་རྟོག་པ་འདུས། འཁྲུག་རྩོད་བྱེད་སྐབས་ཉུང་མཐར་ཡང་ཐཱ་ལེ་པན་གྱི་དྲག་ཆས་མི་སྣ་བཅུ་གཉིས་བསད་པ་དང་། དྲག་ཆས་ཉེས་ཅན་གཞན་པ་དག་ཡུལ་དངོས་ནས་བྲོས་བྱོལ་བྱས་ཟེར།

ཧི་ལཱ་ཐི་ཞིང་ཆེན་གྱི་ཉེན་རྟོག་ཕྱོགས་ཀྱི་མགྲིན་ཚབ་པས་ཀྱང་ཚེས་དགུའི་ཉིན་གསར་འགོད་པར་བདེན་དཔང་བྱས་དོན། ཐཱ་ལེ་པན་གྱི་དྲག་ཆས་ཉེས་ཅན་སྐོར་ཞིག་གིས་ཚེས་བརྒྱད་ཉིན་གྱི་དགོང་མོར་ཞིང་ཆེན་དེའི་ནུབ་ཕྱོགས་ཀྱི་དམག་དཔུང་གི་ཞིབ་བཤེར་ས་ཚིགས་ཤིག་ལ་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་དམག་མི་བཅུ་བདུན་རྐྱེན་ལམ་དུ་ཤོར་བ་དང་། མི་གཅིག་ལ་རྨས་ཕོག དྲག་ཆས་ཉེས་ཅན་གྱིས་ཞིབ་བཤེར་ས་ཚིགས་ཀྱི་རླངས་འཁོར་དང་མཚོན་ཆ་མང་བོ་འཁྱེར་བར་མ་ཟད། ཞིབ་བཤེར་ས་ཚིགས་འགས་གཏོར་བཏང་བ་རེད། དྲག་ཆས་ཉེས་ཅན་ལའང་ཤི་རྨས་ཐེབས་ཡོད་ཟེར། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།