ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་གྱི་ཐ་ལེ་པན་དྲག་ཆས་རྩ་འཛུགས་ཀྱིས་སྨྱུང་གྲོལ་དུས་ཆེན་གྱི་སྐབས་སུ་འཇབ་རྒོལ་བྱེད་མཚམས་འཇོག་རྒྱུ་ཡིན་ལ་མི་གཏའ་ཕྱིར་གཏོང་བར་བསམ་གཞིགས་གཏོང་བཞིན་ཡོད་ཅེས་བསྒྲགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-06-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།   ཞིན་ཧྭ་གསར་འགྱུར་ཁང་གིས་ཨ་ཧྥུའུ་ཧན་ནས་བསྒྲགས་པའི་གསར་འགྱུར། ཨ་ཧྥུའུ་ཧན་གྱི་ཐ་ལེ་པན་དྲག་ཆས་རྩ་འཛུགས་ཀྱིས་ཚེས་དགུ་ཉིན་གསལ་བསྒྲགས་སྤེལ་ནས། སྨྱུང་གྲོལ་དུས་ཆེན་གྱི་སྐབས་སུ་ཉིན་གསུམ་ལ་ཨ་ཧྥུའུ་ཧན་སྲིད་གཞུང་དམག་བར་གྱི་དམག་འཁྲུག་མཚམས་འཇོག་རྒྱུ་ཡིན་ཞེས་བསྒྲགས། ཨ་ཧྥུའུ་ཧན་སྲིད་གཞུང་གིས་ཉིན་གཉིས་ཀྱི་སྔོན་ལ་སྨྱུང་གྲོལ་དུས་ཆེན་གྱི་སྔ་གཞུག་ཏུ་ཐ་ལེ་པན་དྲག་ཆས་རྩ་འཛུགས་བར་གྱི་དམག་འཁྲུག་མཚམས་འཇོག་རྒྱུ་ཡིན་ཞེས་བསྒྲགས་ཡོད། དབྱེ་ཞིབ་མི་སྣ་མང་པོས་བཤད་པ་ལྟར་ན། དེ་ནི་ཉིས་སྟོང་གཅིག་ལོར་ཨ་ཧྥུའུ་ཧན་གྱི་དམག་འཁྲུག་བྱུང་བའི་ཚུན་ལ་ཐ་ལེ་པན་གྱིས་ཐོག་དང་པོར་དུས་ཆེན་གྱི་སྐབས་སུ་དམག་འཁྲུག་མཚམས་འཇོག་རྒྱུ་ཡིན་ཞེས་བསྒྲགས་པ་ཡིན་ལ། རྒྱལ་ཁབ་དེའི་ཞི་བདེའི་འཕེལ་རིམ་ལ་དགེ་མཚན་ལྡན་པའི་འགྱུར་ལྡོག་འབྱུང་དུ་འཇུག་རྒྱུའི་རེ་བ་ཧ་ཅང་ཆེ་ཟེར། 

ཨ་ཧྥུའུ་ཧན་ཐ་ལེ་པན་གྱིས་གསལ་བསྒྲགས་ནང་དུ་སྲིད་གཞུང་དམག་ལ་གལ་ཏེ་འཇབ་རྒོལ་དང་འཕྲད་ཚེ་ཐ་ལེ་པན་གྱིས་རང་སྲུང་བྱེད་རྒྱུ་ཡིན་ཞེས་ཉེན་བརྡ་བཏང་ཡོད། གསལ་བསྒྲགས་ནང་དུ་ད་དུང་ཕྱི་རྒྱལ་གྱི་དམག་དཔུང་དུས་ཆེན་སྐབས་སུ་དམག་འཁྲུག་མཚམས་འཇོག་པའི་ཁྱབ་ཁོངསསུ་མེད་པ་དང་། ཐ་ལེ་པན་གྱིས་མུ་མཐུད་དུ་བཙན་འཛུལ་པར་འགོག་རྒོལ་བྱེད་རྒྱུ་ཡིན་ཞེས་ནན་བཤད་བྱས་ཡོད།

ཐ་ལེ་པན་གྱིས་ད་དུང་བཙན་བཟང་བྱས་པའི་མི་གཏའ་ཕྱིར་གཏོང་བའི་འདོད་བློ་བསྟན། གསལ་བསྒྲགས་ནང་དུ་ཐ་ལེ་པན་གྱིས་བཙན་བཟུང་བྱས་པའི་མི་གཏའ་ཕྱིར་གཏོང་བར་བསམ་གཞིགས་གཏོང་བཞིན་ཡོད་ལ། དེའི་སྔོན་འགྲོའི་ཆ་རྐྱེན་ནི་མི་གཏའ་ཚང་མས་ཡང་བསྐྱར་དམག་འཁྲུག་ཁྲོད་མི་ཞུགས་རྒྱུ་ཁས་ལེན་དགོས་ཞེས་བཤད་ཡོད།

ཨ་ཧྥུའུ་ཧན་གྱི་ཙུང་ཐུང་གི་མགྲིན་ཚབ་པ་ཧྲ་ཧན་སུའུ་ལེ་ཡིས་ཚེས་དགུ་ཉིན་གྱི་དགོང་མོར་བཤད་རྒྱུར། སྲིད་གཞུང་གིས་ཐ་ལེ་པན་གྱི་དམག་འཁྲུག་མཚམས་འཇོག་པའི་གསལ་བསྒྲགས་ལ་དགའ་བསུ་ཞུ་བཞིན་ཡོད་ལ། ཕ་རོལ་བ་ཁ་བཤད་དོན་ལ་གནས་རྒྱུའི་རེ་བ་བཅངས་ཡོད་ཟེར།

ཧྲ་ཧན་སུའུ་ལེ་ཡིས་དམག་འཁྲུག་ཡུན་རིང་པོར་མཚམས་འཇོག་རྒྱུའི་རེ་འདོད་བཏོན། ཁོས་བཤད་རྒྱུར། ཨ་ཧྥུའུ་ཧན་སྲིད་གཞུང་གིས་དམག་འཁྲུག་ཡུན་རིང་པོར་མཚམས་བཞག་སྟེ། བསྟུད་མར་ཞི་བདེ་ཡིན་པའི་མཇུག་འབྲས་ཤིག་འབྱུང་རྒྱུར་རེ་སྒུག་བྱས་ཡོད་ཟེར།

ཕ་ཁི་སི་ཐན་དུ་སྡོད་པའི་ཨ་ཧྥུའུ་ཧན་གྱི་གཞུང་ཚབ་ཆེན་མོ་ཀྲ་ཞི་ཨར་ཝ་ཨར་གྱིས་དྲ་ཚིགས་སྟེང་དཔྱད་བརྗོད་སྤེལ་ནས། ཐ་ལེ་པན་གྱི་དམག་འཁྲུག་མཚམས་འཇོག་པའི་གསལ་བསྒྲགས་ནི་ཞི་བདེའི་མདུན་ལམ་དུ་སྐྱོད་པའི་གོམ་སྟབས་གལ་ཆེན་ཞིག་རེད་ཅེས་བཤད།

ཨ་མེ་རི་ཁའི་མཉམ་འབྲེལ་གསར་འགྱུར་ཁང་གི་ལུའུ་ཐི་གསར་འགྱུར་ཁང་གི་བཤད་ཚུལ་ལྟར་ན། དེ་ནི་ཉིས་སྟོང་གཅིག་ལོར་ཨ་ཧྥུའུ་ཧན་གྱི་དམག་འཁྲུག་བྱུང་རྗེས་ཐ་ལེ་པན་གྱིས་ཐོག་དང་པོར་སྨྱུང་གྲོལ་དུས་ཆེན་གྱི་སྐབས་སུ་དམག་འཁྲུག་མཚམས་བཞག་པ་ཡིན་ལ། སྔོན་ཆད་ཐ་ལེ་པན་གྱི་སྨྱུང་གྲོལ་དུས་ཆེན་དེ་འཇབ་རྒོལ་གྱི་དུས་སྐབས་སུ་བརྩིས་ཡོད། དེ་དང་མཉམ་དུ་དེ་ནི་ཨ་ཧྥུའུ་ཧན་སྲིད་གཞུང་གིས་ཐོག་དང་པོར་སྔོན་འགྲོའི་ཆ་རྐྱེན་ཅི་ཡང་མ་བཏོན་པར་ཐ་ལེ་པན་བར་དུ་དམག་འཁྲུག་མཚམས་བཞག་པ་རེད་ཟེར།

ཨ་ཧྥུའུ་ཧན་གྱི་ཙུང་ཐུང་ཅ་ཉི་ཡིས་ཚེས་བདུན་ཉིན་བསྒྲགས་རྒྱུར། ཨ་ཧྥུའུ་ཧན་གྱི་བདེ་འཇགས་དམག་དཔུང་གིས་སྨྱུང་གྲོལ་དུས་ཆེན་གྱི་སྔ་གཞུག་ཏུ་ཨ་ཧྥུའུ་ཧན་ཐ་ལེ་པན་དྲག་ཆས་རྩ་འཛུགས་བར་དུ་གཟའ་འཁོར་གཅིག་ཙམ་ལ་དམག་འཁྲུག་མཚམས་འཇོག་རྒྱུ་ཡིན་ལ། ཟླ་འདིའི་ཚེས་བཅུ་གཉིས་ཉིན་ནས་ཚེས་བཅུ་དགུ་ཉིན་བར་དུ་དམག་འཁྲུག་མཚམས་འཇོག་རྒྱུ་ཡིན། དམག་འཁྲུག་མཚམས་འཇོག་པའི་ནང་དུ་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པ་དང་རྟེན་གཞི་རྩ་འཛུགས་མི་འདུ་ཞེས་བསྒྲགས།

ཨ་ཧྥུའུ་ཧན་དུ་སྡོད་པའི་ཨ་མེ་རི་ཁའི་དམག་དཔུང་གི་ཆེས་མཐོའི་བཀོད་འདོམས་དཔོན་པོ་ཉི་ཁི་ཨར་སིན་གྱིས་བཤད་རྒྱུར། ཨ་མེ་རི་ཁའི་དམག་དཔུང་གིས་ཨ་ཧྥུའུ་ཧན་སྲིད་གཞུང་གི་དམག་འཁྲུག་མཚམས་འཇོག་པའི་འཆར་གཞི་ལག་བསྟར་བྱས་ཏེ་ཐ་ལེ་པན་ལ་དམིགས་པའི་དམག་དོན་འགུལ་སྐྱོད་གནས་སྐབས་སུ་མཚམས་འཇོག་རྒྱུ་ཡིན་པ་དང་མཉམ་དུ། དབྱི་སི་ལན་རྒྱལ་ཁབ་ཅེས་པར་རྒོལ་རྡུང་བྱེད་ཤུགས་ཇེ་ཆེར་གཏོང་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།