ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་གྱིས་ཁ་པོར་སྲིད་གཞུང་གཞུང་སྒྲུབ་ཁུལ་ལ་འཇབ་རྒོལ་ཐེབས་ནས་མི་བཅུ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མི་སོ་གཅིག་ལ་རྨས་ཕོག

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-06-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་ཧྥུའུ་ཧན་གྱི་རྒྱལ་ས་ཁ་པོར་ནུབ་ཁུལ་གྱི་སྲིད་གཞུང་གི་གཞུང་སྒྲུབ་བྱེད་ས་ཞིག་ལ་ཚེས་བཅུ་གཅིག་ཉིན་གྱི་ཕྱི་དྲོར་རང་སྲོག་གཅོད་པའི་ཚུལ་གྱི་འགས་གཏོར་འཇབ་རྒོལ་ཐེབས་པ་དང་། མིག་སྔའི་བར་ཉུང་མཐར་ཡང་མི་བཅུ་གཉིས་རྐྱེན་ལམ་དུ་ཤོར་བ་དང་། མི་སོ་གཅིག་ལ་རྨས་ཕོག

ཁ་པོར་ཉེན་རྟོག་ཕྱོགས་ཀྱི་མགྲིན་ཚབ་པ་སི་ཐ་ཉི་ཁི་ཀྲ་དབྱི་ཡིས་དྲ་ཚིགས་སྟེང་བཤད་རྒྱུར། འཇབ་རྒོལ་དོན་རྐྱེན་དེ་ས་དེའི་ཕྱི་དྲོའི་དུས་ཚོད་གཅིག་ཡས་མས་སུ་བྱུང་བ་དང་། རང་སྲོག་གཅོད་མཁན་གྱི་འཇབ་རྒོལ་པ་ཞིག་གིས་རྒྱལ་ཁབ་དེའི་ཞིང་སྡེ་བསྐྱར་དར་དང་འཕེལ་རྒྱས་པུའུ་ཡི་སྒོ་ཆེན་ཕྱི་རོལ་ནས་འགད་རྫས་འགས་གཏོར་བཏང་། འཇབ་རྒོལ་དོན་རྐྱེན་འབྱུང་སྐབས་སྲིད་གཞུང་གི་ལས་དོན་པ་མང་པོ་གཞུང་སྒྲུབ་ཁང་དང་འབྲལ་བཞིན་ཡོད་ཟེར།

ཨ་ཧྥུའུ་ཧན་གྱི་འཕྲོད་བསྟེན་པུའུ་ཡིས་དེའི་རྗེས་སུ་དཔོན་ཕྱོགས་ཀྱི་དྲ་ཚིགས་བརྒྱུད་དེ། འགས་གཏོར་དོན་རྐྱེན་ཁྲོད་ནས་མིག་སྔའི་བར་ཉུང་མཐར་ཡང་མི་བཅུ་གཉིས་རྐྱེན་ལམ་དུ་ཤོར་བ་དང་། མི་སོ་གཅིག་ལ་རྨས་ཕོག་པ་བདེན་དཔང་བྱས།

མིག་སྔར། ཨ་ཧྥུའུ་ཧན་གྱི་བདེ་འཇགས་དམག་དཔུང་གིས་འབྲེལ་ཡོད་ས་ཁུལ་བཀག་སྡོམ་བྱས་ཡོད་ལ། རྩ་འཛུགས་དང་མི་གཅིག་གིས་ཀྱང་འཇབ་རྒོལ་དོན་རྐྱེན་དེ་བཟོས་པ་ཁས་བླངས་མེད།

དེས་མི་ཚད་ཨ་ཧྥུའུ་ཧན་ཤར་ཕྱོགས་ཀྱི་ནན་ཀི་ཧ་ཨར་ཞིང་ཆེན་གྱི་སྲིད་གཞུང་དབང་གྲགས་སྡེ་ཁག་གིས་ཚེས་བཅུ་གཅིག་ཉིན་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ས་དེའི་སྔ་དྲོའི་དུས་ཚོད་དགུ་ཡས་མས་སུ། ཞིང་ཆེན་དེའི་ཆ་ཕ་ཧ་ས་ཁུལ་གྱི་སྤྱི་ཐུན་ཟས་ཁུལ་ཞིག་ནས་འགས་གཏོར་བྱུང་སྟེ། མི་སེར་བཅུ་གཉིས་ལ་རྨས་ཕོག་ཟེར། འགས་གཏོར་དེ་ནི་རང་འགུལ་འགས་གཏོར་འགད་རྫས་འགས་གཏོར་བཏང་བ་ལས་བྱུང་བ་དང་། མིག་སྔར་ལག་དམར་སུ་ཡིན་རྩད་ཆོད་མེད།

ཨ་ཧྥུའུ་ཧན་བྱང་ཕྱོགས་ཀྱི་ཀྲུའུ་ཙི་ཀྲན་ཞིང་ཆེན་སྲིད་གཞུང་གི་དབང་གྲགས་སྡེ་ཁག་གིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བདེན་དཔང་བྱས་པ་ལྟར་ན། ཚེས་བཅུ་ཉིན་གྱི་ནམ་གུང་། ཐ་ལེ་པན་གྱི་དྲག་ཆས་མི་སྣས་ཞིང་ཆེན་དེའི་ལྟེ་གནས་གྲོང་ཁྱེར་ཞི་པི་ཨར་ཀན་ས་ཁུལ་ནས་བདེ་འཇགས་ཞིབ་བཤེར་ས་ཚིགས་ཤིག་ལ་འཇབ་རྒོལ་བྱས་ཏེ། ལས་རེས་ཉེན་རྟོག་པ་བདུན་བསད་པ་དང་མི་གཉིས་རྨས། དྲག་ཆས་མི་སྣས་ད་དུང་ཉེན་རྟོག་པའི་མཚོན་ཆ་འཕྲོག་པ་མ་ཟད། ཞིབ་བཤེར་ས་ཚིགས་འགས་གཏོར་བཏང་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།