རྒྱལ་ཁབ་མང་པོའི་མཉམ་འབྲེལ་དམག་དཔུང་གིས་ཡེ་མིན་གྱི་ཧི་ཐེ་ཏ་ལ་ཕར་རྒོལ་བྱེད་འགོ་བརྩམས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་ཡེ་མིན་གྱི་ཧུའུ་སའེ་ཞེས་པའི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་མི་སྣ་ཧི་ཐེ་ཏ་ནས་ཕྱིར་འཐེན་བྱེད་པའི་མཇུག་མཐའི་ཉེན་བརྡའི་དུས་བཅད་དེ་ཚེས་བཅུ་གསུམ་ཉིན་གྱི་ཞོགས་པར་ལོངས་སོང་བ་དང་བསྟུན་ནས། ཡེ་མིན་སྲིད་གཞུང་གིས་ཡེ་མིན་སྲིད་གཞུང་དམག་གིས་རྒྱལ་ཁབ་མང་པོའི་མཉམ་འབྲེལ་དམག་དཔུང་གི་རམ་འདེགས་འོག་ཏུ། གྲུ་ཁའི་གྲོང་ཁྱེར་གཙོ་བོ་ཧི་ཐེ་ཏ་ལ་ཕར་རྒོལ་བྱེད་འགོ་བརྩམས་པ་ཁྱབ་བསྒྲགས་བྱས།

ཧི་ཐེ་ཏའི་གཡུལ་འཁྲུག་ནི་སོ་ཏི་ཨ་རབ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་སོགས་རཀྱིས་ཡེ་མིན་གྱི་ནང་འཁྲུག་ལ་དམག་དོན་ཐེ་གཏོགས་བྱས་ཏེ་ལོ་གསུམ་འགོར་བའི་རིང་གི་གྲོང་ཁྱེར་མཁྲེགས་གཏོར་གཡུལ་འཁྲུག་ཐེངས་དང་པོ་ཡིན་ལ། མི་མང་པོ་ཤི་རྨས་འབྱུང་སྲིད་པས། མཉམ་འབྲེལ་རྒྱལ་ཚོགས་དང་རྒྱ་གྲམ་དམར་པོ་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་གིས་ཕྱོགས་སོ་སོས་མི་སེར་ལ་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡེ་མིན་སྲིད་གཞུང་གིས་གསལ་བསྒྲགས་ཤིག་གི་ནང་དུ་བཤད་རྒྱུར། སྲིད་གཞུང་དམག་གིས་ཚེས་བཅུ་གསུམ་ཉིན་མཚོ་དམར་གྱི་གྲུ་ཁའི་གྲོང་ཁྱེར་དེའི་ལྷོ་ཕྱོགས་ནས་ས་ཐོག་ནས་ཕར་རྒོལ་བྱས་པ་དང་། དེར་རམ་འདེགས་བྱེད་ཆེད། རྒྱལ་ཁབ་མང་པོའི་མཉམ་འབྲེལ་དམག་དཔུང་གི་འཐབ་འཛིང་གནམ་གྲུ་དང་འཐབ་འཛིང་གྲུ་གཟིངས་ཀྱིས་ཧུའུ་སའེ་ཞེས་པའི་དྲག་ཆས་རྩ་འཛུགས་ཀྱི་འཐབ་ར་ལ་རྒོལ་རྡུང་བྱས་ཟེར། སོ་ཏི་ཨ་རབ་ཀྱི་བརྙན་འཕྲིན་སྨྱན་ལམ་གྱིས་དམག་ཕྱོགས་ཀྱིས་བསྒྲགས་པའི་གནས་ཚུལ་དྲངས་པ་ལྟར་ན། མཉམ་འབྲེལ་དམག་དཔུང་གི་མཁའ་དམག་གིས་འགད་རྫས་འཕངས་པ་དང་མཚོ་དམག་གི་དམག་གྲུས་སྒྱོགས་མདེལ་འཕངས་ཟེར།

ལུའུ་ཐི་གསར་འགྱུར་ཁང་གིས་བསྒྲགས་པ་ལྟར་ན། ཐེངས་འདིའི་དམག་དོན་འགུལ་སྐྱོད་ཀྱི་མིང་ལ་རྫོགས་ལྡན་རྒྱལ་ཁ་ཞེས་བཏགས་ཡོད་ཟེར།

སྤྱི་འབྲེལ་སྨྱན་ལམ་ཁག་ཏུ་བསྟན་པའི་བརྙན་རིས་དུམ་མཚམས་འགའ་ལས། རླངས་འཁོར་རུ་ཁག་འགའ་ཉིན་དེའི་སྐྱ་རེངས་ཀྱི་སྔོན་ལ་ཧི་ཐེ་ཏ་ལ་ཐོན་པ་དང་། བརྙན་རིས་ལས་མེ་མདའི་སྒྲ་མཚམས་མ་ཆད་པར་གོ་ཐུབ།

ཡེ་མིན་སྲིད་གཞུང་གི་གསལ་བསྒྲགས་ལས་བཤད་རྒྱུར། ཧུའུ་སའེ་དྲག་ཆས་རྩ་འཛུགས་ཧི་ཐེ་ཏ་ནས་བདའ་ཆེད། སྲིད་གཞུང་གིས་ཞི་བདེ་དང་ཆབ་སྲིད་ཀྱི་ཐབས་ལམ་ཡོད་ཚད་སྤྱད་ཡོད་ཟེར། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཕྱི་འབྲེལ་ལས་དོན་གྱི་རྒྱལ་སྤྱིའི་པུའུ་ཀྲང་ཅ་ཨར་ཅ་ཧྲིན་གྱིས་ཅུང་སྔ་བའི་དུས་སུ་ཧྥ་རན་སིའི་ཧྥེ་ཅ་ལོ་ཚགས་པར་ལ་བཤད་རྒྱུར། ཧུའུ་སའེ་དྲག་ཆས་རྩ་འཛུགས་ཧི་ཐེ་ཏ་ནས་ཕྱིར་འཐེན་བྱེད་པའི་མཇུག་མཐའི་དུས་བཅད་དེ་ཚེས་བཅུ་གསུམ་ཉིན་གྱི་ཞོགས་པར་དངོས་སུ་ལོངས་པ་རེད་ཟེར།

གསལ་བསྒྲགས་ནང་དུ་བཤད་རྒྱུར། ཧི་ཐེ་ཏ་བཅིངས་འགྲོལ་བྱེད་པ་ནི་ཧུའུ་སའེ་དྲག་ཆས་རྩ་འཛུགས་ཀྱི་ལག་ནས་ཡེ་མིན་འཕྲོག་པའི་ལམ་ཚད་རྡོ་རིང་ལྟ་བུ་ཡིན་པ་དང་། ཧུའུ་སའེ་དྲག་ཆས་རྩ་འཛུགས་རྩ་མེད་དུ་གཏོང་འགོ་བརྩམས་པ་ཡིན་ལ། མན་ཏི་མཚོ་འགག་གི་མཚོ་འགྲུལ་གྱི་བདེ་འཇགས་ལ་སྲུང་སྐྱོབ་བྱས་པ་ཡིན་པ་དང་། དབྱི་ལང་གི་ལག་པ་བཅད་པ་ལྟ་བུ་ཡིན་ཟེར། ཧུའུ་སའེ་དྲག་ཆས་རྩ་འཛུགས་ཀྱིས་ཁོ་ཚོ་དབྱི་ལང་གི་ལག་ཆ་ཡིན་པ་ཁས་ལེན་བཞིན་མེད་པར། ཁོ་ཚོས་ངོ་ལོག་བྱས་དོན་ནི་རུལ་སུངས་ལ་རྒོལ་རྡུང་དང་བཙན་འཛུལ་པར་འགོག་རྒོལ་བྱེད་པའི་ཆེད་ཡིན་ཞེས་བཤད་བཞིན་ཡོད།

མན་ཏི་མཚོ་འགག་ནི་ཨ་རབ་ཕྱེད་གླིང་གི་ལྷོ་ནུབ་དང་ཨ་ཧྥེ་རི་ཁ་གླིང་སྐམ་ས་ཆེན་མོའི་བྱང་ཤར་གྱི་མཚམས་ཏེ། ཡེ་མིན་དང་ཅི་པུའུ་ཐིས་ཀྱི་བར་མཚམས་སུ་ཡོད་ལ། དེས་མཚོ་དམར་དང་ཡ་ཏེན་མཚོ་འགག་སྦྲེལ་ཡོད་པས། ས་དཀྱིལ་རྒྱ་མཚོ་དང་སུའུ་དབྱི་ཧྲི་མིས་བཟོས་གཙང་བོ་ནས་ཧིན་རྡུ་རྒྱ་མཚོའི་བར་གྱི་མཚོ་ཐོག་གི་བགྲོད་ལམ་གལ་ཆེན་ཞིག་ཡིན།

ཧུའུ་སའེ་དྲག་ཆས་རྩ་འཛུགས་ཀྱིས་གཉེར་བཞིན་པའི་མཱ་ཞི་ལ་བརྙན་འཕྲིན་ཁང་གིས་ཚེས་བཅུ་གསུམ་ཉིན་ཅུང་འཕྱི་བའི་དུས་སུ་མཉམ་འབྲེལ་དམག་དཔུང་གིས་ཁོ་ཚོར་ཚུར་རྒོལ་བྱས་པར་བདེན་དཔང་བྱས་པ་དང་། ཧུའུ་སའེ་དྲག་ཆས་རྩ་འཛུགས་ཀྱིས་ས་ཐོག་ནས་གྲུ་གཟིངས་ལ་དམིགས་པའི་འཕུར་མདའ་གཉིས་འཕངས་པ་ཧི་ཐེ་ཏའི་ཉེ་འདབས་མཚོ་ཁོངས་ཀྱི་སོ་ཏི་ཨ་རབ་ཀྱི་མཚོ་གྲུ་ཞིག་ལ་ཕོག་པ་དང་། གྲུ་གཟིངས་དེའི་ནང་དུ་ཧི་ཐེ་ཏའི་མཚོ་ཤར་འབུད་རྩིས་ཡོད་པའི་དམག་དཔུང་དྲུད་ཡོད་ཅེས་བཤད།

ཧུའུ་སའེ་དྲག་ཆས་རྩ་འཛུགས་ཀྱི་འགོ་བ་ཞིག་སྟེ་མིང་ལ་མུའུ་ཧན་མོ་ཏི་ཨ་ལེ་ཧུའུ་སའེ་ཟེར་བ་དེས་སྤྱི་འབྲེལ་སྨྱན་ལམ་བརྒྱུད་དེ་བཤད་རྒྱུར། ཧུའུ་སའེ་དྲག་ཆས་རྩ་འཛུགས་ཀྱིས་མཉམ་འབྲེལ་དམག་དཔུང་གིས་བཀོལ་བའི་འདྲུད་གྲུ་ཞིག་ལ་འཇབ་རྒོལ་བྱས་པ་ཡིན་ཟེར། ཁོས་མཉམ་འབྲེལ་དམག་དཔུང་གི་གྲུ་ཁར་དཔུང་འཇུག་བྱེད་མི་རུང་བའི་ཉེན་བརྡ་བཏང་།

ལུའུ་ཐི་གསར་འགྱུར་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཧི་ཐེ་ཏ་ལ་ཕར་རྒོལ་བྱས་པ་ནི་སོ་ཏི་ཨ་རབ་སོགས་ཀྱིས་ཡེ་མིན་གྱི་ནང་འཁྲུག་ལ་ཐེ་གཏོགས་བྱས་པའི་ཚུན་གྱི་གཞི་ཁྱོན་ཆེས་ཆེ་བའི་གཡུལ་འཁྲུག་ཡིན་པ་དང་། མཉམ་འབྲེལ་དམག་གིས་ཐོག་དང་པོར་འགོག་སྲུང་བཟང་པོ་བྱས་ཡོད་པའི་གྲོང་ཁྱེར་ཞིག་འཕྲོག་རྩིས་བྱས་པ་ཡིན་ལ། དེའི་དམིགས་ཡུལ་ནི་ཧི་ཐེ་ཏ་འཕྲོག་རྗེས་ཧུའུ་སའེ་དྲག་ཆས་རྩ་འཛུགས་རྒྱལ་ས་སཱ་ནའི་ཕྱོགས་སུ་དེད་ནས་དེའི་མཁོ་དངོས་སྐྱེལ་ལམ་བཅད་དེ། ཁོ་ཚོ་བཙན་གྱིས་གྲོས་མོལ་ལ་ཞུགས་སུ་འཇུག་རྒྱུ་དེ་རེད་ཟེར།

ཧི་ཐེ་ཏ་ནི་རྒྱལ་ས་སཱ་ནའི་ལྷོ་ནུབ་ཕྱོགས་ཀྱི་སྤྱི་ལེ་བརྒྱ་དང་ལྔ་བཅུ་ཙམ་གྱི་མཚམས་སུ་ཡོད། གྲོང་ཁྱེར་དེ་གཉིས་དང་ཡེ་མིན་གྱི་མི་གྲངས་མང་ས་མང་པོ་ཉིས་སྟོང་བཅུ་བཞི་ལོར་ཧུའུ་སའེ་དྲག་ཆས་རྩ་འཛུགས་ཀྱིས་བཙན་བཟུང་བྱས། སོ་ཏི་ཨ་རབ་ཀྱིས་རྒྱལ་ཁབ་མང་པོའི་མཉམ་འབྲེལ་དམག་དཔུང་ཁྲིད་དེ་ཉིས་སྟོང་བཅོ་ལྔ་ལོའི་ཟླ་གསུམ་པར་དམག་དོན་ཐེ་གཏོགས་བྱས་པ་དང་། མཁོ་སྒྲུབ་ཕྱོགས་ལ་ཨ་མེ་རི་ཁའི་རོགས་རམ་ཐོབ་ཡོད།

ཨ་མེ་རི་ཁའི་མཉམ་འབྲེལ་གསར་འགྱུར་ཁང་གིས་ཚོད་དཔག་བྱས་པ་ལྟར་ན། གལ་ཏེ་ཧུའུ་སའེ་དྲག་ཆས་རྩ་འཛུགས་ཧི་ཐེ་ཏ་ནས་ཕྱིར་འཐེན་མ་བྱས་ན། གཡུལ་འཁྲུག་དེ་གྲོང་ཁྱེར་གྱི་སྲང་ལམ་དམག་འཐབ་ཏུ་འགྱུར་སྲིད་པ་དང་། འཐབ་འཛིང་མི་སྣ་དང་མི་སེར་མང་པོ་ཤི་རྨས་འབྱུང་སྲིད་ཟེར།

རྒྱ་གྲམ་དམར་པོ་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་གི་མགྲིན་ཚབ་པ་མཱ་ལེ་ཧྥེ་ཅ་ལེ་ཡིས་ཚེས་བཅུ་གསུམ་ཉིན་བཤད་རྒྱུར། ཧི་ཐེ་ཏ་ལ་ཕར་རྒོལ་བྱས་པ་དེས་ཡེ་མིན་གྱི་ཆག་སྒོ་རང་བཞིན་གྱི་མི་ཆོས་རིང་ལུགས་ཀྱི་གནས་བབ་དེ་སྔར་ལས་ཇེ་སྡུག་ཏུ་གཏོང་ངེས་ཟེར། མཉམ་འབྲེལ་རྒྱལ་ཚོགས་ཡེ་མིན་མི་ཆོས་རིང་ལུགས་ལས་དོན་གྱི་མཐུན་སྦྱོར་པ་ཀི་ལན་ཏི་ཡིས་བཤད་རྒྱུར། གཡུལ་འཁྲུག་ལ་ཞུགས་པའི་ཕྱོགས་སོ་སོས་ངེས་པར་དུ་མི་སེར་ལ་སྲུང་སྐྱོབ་བྱས་ཏེ། ཁོ་ཚོར་འཚོ་གནས་ཀྱི་ཉེར་མཁོའི་རོགས་སྐྱོར་ཐོབ་ཐུབ་པར་ཁག་ཐེག་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།