ཀྲུང་གོ་བོད་ཀྱི་དྲ་བ།

ཨ་པཱ་སི་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ནས་ཕཱ་ལེ་སི་ཐན་གྱི་མི་སེར་དཀྱུས་མར་སྲུང་སྐྱོབ་བྱེད་པའི་གྲོས་ཆོད་བཀོད་པར་གཟེངས་བསྟོད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-06-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཕཱ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པཱ་སི་ཡིས་ཚེས་བཅུ་བཞིའི་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ནས་ཕཱ་ལེ་སི་ཐན་གྱི་མི་སེར་དཀྱུས་མར་སྲུང་སྐྱོབ་བྱེད་པའི་གྲོས་ཆོད་བཀོད་པར་གཟེངས་བསྟོད་བྱས་པ་དང་། དེ་ནི་རྒྱལ་སྤྱིའི་དྲང་བདེན་གྱི་རྒྱལ་ཁ་ཡིན་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་གྱིས་ཚེས་བཅུ་གསུམ་ཉིན་བྲེལ་མྱུར་གྱི་དམིགས་བསལ་གྲོས་ཚོགས་བསྡུས་ཏེ། འདེམ་ཤོག་བརྒྱ་དང་ཉི་ཤུ་ཡིད་འཐད་བྱུང་བ་དང་། འདེམ་ཤོག་བརྒྱད་ཀྱིས་ངོ་རྒོལ་བྱེད་པ། འདེམ་ཤོག་ཞེ་ལྔས་དབང་ཆ་བསྐྱུར་བའི་མཇུག་འབྲས་ཀྱིས་ཕཱ་ལེ་སི་ཐན་གྱི་མིར་སྲུང་སྐྱོབ་བྱེད་པའི་གྲོས་ཆོད་ཅིག་ལ་གྲོས་འཆམ་བྱུང་། ཕཱ་ལེ་སི་ཐན་གྱི་ཙུང་ཐུང་བཞུགས་ཤག་གིས་གསར་འགྱུར་སྤྱི་སྒྲོག་སྤེལ་ཏེ། ཨ་པཱ་སི་ཡིས་འདེམ་ཤོག་འཕེན་སྐབས་གྲོས་ཆོད་དེར་རྒྱབ་སྐྱོར་བྱས་པའི་རྒྱལ་ཁབ་དག་ལ་བཀའ་དྲིན་ཞུས།

ཕཱ་ལེ་སི་ཐན་གྱི་ཕྱི་འབྲེལ་བློན་ཆེན་མཱ་ལེ་ཅི་ཡིས་ཉིན་དེར་བརྙན་འཕྲིན་གཏམ་བཤད་སྤེལ་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་གྲོས་ཆོད་ལས་ཕཱ་ལེ་སི་ཐན་གྱི་མིར་སྲུང་སྐྱོབ་བྱེད་པ་དང་གྲོས་ཆོད་དེ་ལག་བསྟར་བྱེད་པའི་གལ་ཆེན་རང་བཞིན་ནན་བཤད་བྱས། ད་ལྟ་ཨ་མེ་རི་ཁ་དང་དབྱི་སི་རལ་ལ་གནོན་ཤུགས་བྱིན་ནས་ཁོ་ཚོས་གྲོས་ཆོད་དེ་བརྩི་སྲུང་བྱེད་པའི་སྐུལ་མ་གཏོང་དགོས་ཟེར།

དབྱི་སི་རལ་གྱི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་གསལ་སྒྲོག་སྤེལ་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ནས་ཚེས་བཅུ་གསུམ་ཉིན་ཕཱ་ལེ་སི་ཐན་གྱི་མི་སེར་དཀྱུས་མར་སྲུང་སྐྱོབ་བྱེད་པའི་གྲོས་ཆོད་ལ་གྲོས་འཆམ་བྱུང་བར་རྒོལ་གཏམ་བཏང་བ་དང་། ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡིས་མིག་སྔའི་ཅཱ་ཧྲ་ས་ཁུལ་གྱི་གནས་བབ་ལ་འགན་ཁུར་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།