ཀྲུང་གོ་བོད་ཀྱི་དྲ་བ།

ཙུང་ལི་དང་ཙུང་ཐུང་འཛིན་བཟུང་བྱེད་པའི་འབོད་སྐུལ་བཏང་བས་ཞི་ལཱའི་གྲོས་མིར་རྒྱལ་ཁབ་ངོ་ལོག་གི་སྐྱོན་འཛུགས་ཐེབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-06-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཞི་ལཱའི་གཡས་ཕྱོགས་ཏང་གི་གྲོས་མི་པཱ་ཨར་པཱ་ལུའུ་ཞི་སི་ཡིས་གྲོས་ཚོགས་ཀྱི་དཔྱད་གླེང་ཁྲོད་ཙུང་ལི་དང་ཙུང་ཐུང་འཛིན་བཟུང་བྱེད་པའི་འབོད་སྐུལ་བཏང་བའི་དབང་གིས་རྒྱལ་ཁབ་ངོ་ལོག་གི་སྐྱོན་འཛུགས་ཐེབས་པ་དང་། ཚེས་བཅོ་བརྒྱད་ཉིན་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་ཉེན་རྟོག་པས་འཛིན་བཟུང་བྱས།

ཉེན་རྟོག་ཕྱོགས་ཀྱིས་བཤད་རྒྱུར། གསེར་མདོག་སྐྱ་རེངས་ཏང་གི་གྲོས་མི་པཱ་ཨར་པཱ་ལུའུ་ཞི་སི་ཡིས་ཉིན་དེའི་སྔ་དྲོར་རྒྱལ་ས་ཡཱ་ཏེན་བྱང་མཐའི་ས་ཁུལ་གྱི་སྡོད་གནས་ནས་འཛིན་བཟུང་བྱས། འཛིན་བཟུང་བྱེད་སྐབས་པཱ་ཨར་པཱ་ལུའུ་ཞི་སི་ཡིས་ཕྱིར་རྒོལ་ལན་མ་སློག་པ་དང་། ཁོ་བཀག་འཇུག་བྱས་ཏེ་ཚེས་ཉི་ཤུའི་ཉིན་ཐོག་མའི་འདྲི་གཅོད་བྱེད་རྒྱུ་ཡིན་ཟེར།

ཞི་ལཱ་དང་མཱ་ཆི་ཏོན་སྲིད་གཞུང་གིས་མཱ་ཆི་ཏོན་གྱི་རྒྱལ་མིང་བསྒྱུར་བ་དང་རྒྱལ་ཁབ་གཉིས་ཀྱི་རྩོད་གླེང་ཞི་འཇགས་སུ་གཏོང་བའི་ཐད་ནས་གྲོས་མཐུན་བཀོད་པར་དམིགས་ནས་ཞི་ལཱའི་སྲིད་དབང་བཟུང་མེད་པའི་ཏང་གིས་སྲིད་གཞུང་ལ་ཡིད་ཆེས་མེད་པའི་སྐྱོན་འཛུགས་བྱས། པཱ་ཨར་པཱ་ལུའུ་ཞི་སི་ཡིས་ཚེས་བཅོ་ལྔ་ཉིན་དཔྱད་གླེང་བྱེད་སྐབས་རྒྱལ་མིང་བསྒྱུར་བའི་གྲོས་མཐུན་ལ་ངོ་རྒོལ་དྲག་པོ་བྱས་པ་དང་། སྲིད་གཞུང་གིས་རྒྱལ་ཁབ་ཀྱི་ཁེ་ཕན་གཞིར་མ་བཟུང་བར་མི་སྒེར་གྱི་ཁེ་ཕན་ལྟར་ཁྲིམས་འཛུགས་བྱས་པར་སྐྱོན་བརྗོད་བྱས་པར་མ་ཟད། དམག་ཕྱོགས་ཀྱིས་ཙུང་ལི་ཆི་ཕུའུ་ལཱ་སི་དང་ཙུང་ཐུང་ཕཱ་ཧྥུའུ་ལོ་ཕུའུ་ལོ་སི། རྒྱལ་སྲུང་བློན་ཆེན་ཁན་མེ་ནོའུ་སི་བཅས་འཛིན་བཟུང་བྱེད་དགོས་པའི་འབོད་སྐུལ་བཏང་།

ཁོའི་སྐད་ཆ་དེར་ཏང་ཁག་རང་གི་གྲོས་མིས་འཕྱ་དམོད་བྱས་པ་དང་། པཱ་ཨར་པཱ་ལུའུ་ཞི་སི་དེའི་རྗེས་སུ་གྲོས་ཁང་གིས་ཚོགས་ར་ལས་ཕྱིར་ཕུད།

ཁན་མཱེ་ནོའུ་སི་སོགས་ཀྱིས་ཞིབ་དཔྱོད་སྡེ་ཁག་ལ་པཱ་ཨར་པཱ་ལུའུ་ཞི་སི་དང་གསེར་མདོག་སྐྱ་རེངས་ཏང་ཞུ་གཏུག་བྱས་པ་དང་། ཞིབ་དཔྱོད་ཕྱོགས་ཀྱིས་གྱོད་དོན་ལ་རྟོག་ཞིབ་བྱས་ཏེ་པཱ་ཨར་པཱ་ལུའུ་ཞི་སི་ཞུ་གཏུག་བྱས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།