ཀྲུང་གོ་བོད་ཀྱི་དྲ་བ།

ཧིན་རྡུ་ཉི་ཞི་ཡཱའི་ཏའོ་པཱ་མཚོ་ཁོངས་ནས་གྲུ་གཟིངས་ནུབ་པའི་དོན་རྐྱེན་བྱུང་སྟེ་མི་བརྒྱ་དང་གོ་གཉིས་གར་སོང་རྙེད་མེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-06-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

6月20日,在印度尼西亚北苏门答腊省,人们在岸上观看搜救行动。.jpg

ཟླ6པའི་ཚེས20ཉིན། ཧིན་རྡུ་ཉི་ཞི་ཡཱའི་སུའུ་མིན་ཏཱ་ལཱ་བྱང་མ་ནས། མི་རྣམས་ཀྱིས་མཚོ་འགྲམ་དུ་སྔོག་བཤེར་གནས་ཚུལ་ལ་ལྟ་བཞིན་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧིན་རྡུ་ཉི་ཞི་ཡཱའི་གནོད་འགོག་ཁང་གི་མགྲིན་ཚབ་པ་སུའུ་ཐའོ་པའོ་ཡིས་ཚེས་ཉི་ཤུའི་ཉིན་བཤད་རྒྱུར། སུའུ་མིན་ཏཱ་ལཱ་བྱང་མའི་ཏའོ་པཱ་མཚོ་ཁོངས་སུ་ཚེས་བཅོ་བརྒྱད་ཉིན་གྲུ་གཟིངས་ནུབ་པའི་དོན་རྐྱེན་ཞིག་བྱུང་སྟེ། མི་བརྒྱ་དང་གོ་གཉིས་གར་སོང་རྙེད་མེད་པ་དང་། མིག་སྔར་སྔོག་བཤེར་བྱ་བ་མུ་མཐུད་དུ་སྤེལ་བཞིན་ཡོད།

ཚེས་བཅོ་བརྒྱད་ཉིན་གྱི་ཕྱི་དྲོའི་དུས་ཚོད་བདུན་དང་སྐར་མ་སུམ་ཅུའི་ཡས་མས་སུ། སུའུ་མིན་ཏཱ་ལཱ་བྱང་མའི་ཧྲའོ་མའོ་ཞི་རྫོང་ནས་ཞེ་མཱ་ལོན་ཝུན་རྫོང་དུ་བགྲོད་པའི་གྲུ་གཟིངས་ཤིག་གྲུ་ཁ་དང་སྤྱི་ལེ་གཅིག་དང་གྲངས་ཆུང་དྲུག་ཡོད་པའི་མཚོ་ཁོངས་ནས་གློ་བུར་དུ་མཚོར་ནུབ་པ་རེད། སུའུ་ཐའོ་པའོ་ཡིས་བཤད་རྒྱུར། མི་བཅོ་བརྒྱད་སྐྱབས་པ་ལས་གཞན། མིག་སྔར་འདས་པོའི་བེམ་པོ་གསུམ་རྙེད་ཡོད། གར་སོང་མ་རྙེད་པའི་འགྲུལ་བ་མང་ཆེ་བ་གྲུ་གཟིངས་ཀྱི་འཁོར་ཁང་ནང་དུ་ཁེགས་ནས་གྲུ་དང་མཉམ་དུ་མཚོ་ཞབས་སུ་ནུབ་པ་རེད་ཟེར།

རྒུད་སྐྱོབ་བྱ་བའི་འགན་ཁུར་བ་ཡུག་ནོའུ་སི་ཡིས་བཤད་རྒྱུར། ཧིན་རྡུ་ཉི་ཞི་ཡཱའི་མཚོ་དམག་དང་མཚོ་ཐོག་ཉེན་རྟོག་པ། སྔོག་བཤེར་སྡེ་ཁག་བཅས་ཀྱི་མི་ཉིས་བརྒྱ་ལྷག་གིས་གྲུབ་པའི་དཔུང་སྡེ་ཡིས་སྔོག་བཤེར་བྱེད་བཞིན་ཡོད་པ་དང་། ཆུ་བ་དང་ཆུ་འོག་གི་འཕྲུལ་མི་ཡང་སྔོག་བཤེར་བྱ་བར་ཞུགས་ཡོད་ཀྱང་། མིག་སྔར་ད་རུང་མཚོར་ནུབ་པའི་གྲུ་གཟིངས་རྙེད་མེད་ཟེར།

སྲོག་ཉེན་ལས་བསྐྱབས་པའི་གྲུ་དཔོན་བཀག་འཇུག་བྱས་ཡོད་པ་དང་། དོན་རྐྱེན་དེའི་འབྱུང་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད། ས་དེའི་གསར་འགྱུར་ལས་རིགས་ཀྱིས་དབྱེ་ཞིབ་བྱས་པ་ལྟར་ན། ནམ་ཟླ་མི་ལེགས་པ་དང་ཐེག་ཚད་ལས་ཆེས་ཆེར་བརྒལ་བ་ནི་དོན་རྐྱེན་དེའི་འབྱུང་རྐྱེན་གཙོ་བོ་ཡིན་པར་འདོད། དེ་ལས་གཞན་མཚོར་ནུབ་པའི་གྲུ་གཟིངས་སྟེང་དུ་འཕྲུལ་རྟ་བཅུ་ཕྲག་འགའ་དྲུད་ཡོད་པ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།