ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་ཉིག་ཡོ་གྲོང་ཁྱེར་དུ་མི་ལ་མེ་མདས་བརྒྱབ་པའི་དོན་རྐྱེན་བྱུང་སྟེ་མི་གསུམ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-06-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་ཉིག་ཡོ་གྲོང་ཁྱེར་གྱི་ཉེན་རྟོག་པས་ཚེས་ཉེར་གཅིག་ཉིན་བཤད་རྒྱུར། ཉིག་ཡོ་གྲོང་ཁྱེར་གྱི་པུའུ་ལིང་ཁི་སི་ས་ཁུལ་ནས་ཉིན་དེའི་སྔ་དྲོར་མི་ལ་མེ་མདས་བརྒྱབ་པའི་དོན་རྐྱེན་ཞིག་བྱུང་སྟེ། མི་གསུམ་རྐྱེན་ལམ་དུ་ཤོར་ཟེར།

ཉིག་ཡོ་གྲོང་ཁྱེར་ཉེན་རྟོག་ཅུའུ་ཡི་སྤྱི་བའི་བརྡ་འཕྲིན་ཁྲུའུ་ཡི་ཉེན་རྟོག་དཔོན་པོ་ནཱ་སེར་གྱིས་གསར་འགོད་པར་བཤད་རྒྱུར། པུའུ་ལིང་ཁི་སི་ས་ཁུལ་དུ་ཉིན་དེའི་སྔ་དྲོར་མེ་མདས་བརྒྱབ་པའི་དོན་རྐྱེན་ཞིག་བྱུང་སྟེ། སྐྱེས་པ་གཉིས་དང་བུད་མེད་གཅིག་རྐྱེན་ལམ་དུ་ཤོར་བ་དང་། ཉེན་རྟོག་ཕྱོགས་ཀྱིས་མིག་སྔར་དོགས་ཡོད་ཉེས་ཅན་འཛིན་བཟུང་བྱེད་བཞིན་ཡོད་ཟེར།

བསྒྲགས་པ་ལྟར་ན། མེ་མདས་བརྒྱབ་པའི་དོན་རྐྱེན་དེ་ཉིན་དེའི་སྔ་དྲོའི་དུས་ཚོད་དགུ་དང་སྐར་མ་ཞེ་ལྔའི་ཡས་མས་སུ་བྱུང་བ་དང་། སྐྱེས་པ་གཉིས་དང་བུད་མེད་གཅིག་ལ་མེ་མདའ་ཕོག སྐྱེས་པ་དེ་གཉིས་སྨན་ཁང་དུ་མ་བསྐྱལ་གོང་རྐྱེན་ལམ་དུ་ཤོར་བ་དང་། བུད་མེད་དེ་སྨན་ཁང་དུ་བསྐྱལ་རྗེས་མྱུར་སྐྱོབ་བྱས་ཀྱང་ཕན་མ་ཐོགས་པར་རྐྱེན་ལམ་དུ་ཤོར། མིག་སྔར་མེ་མདས་བརྒྱག་མཁན་གྱི་དམིགས་ཡུལ་ཅི་ཡིན་གསལ་བོར་མི་ཤེས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།