ཀྲུང་གོ་བོད་ཀྱི་དྲ་བ།

ཁུན་ནེ་ཡཱའི་རྒྱལ་སའི་ཚོང་ར་ཞིག་ནས་མེ་སྐྱོན་བྱུང་སྟེ་ཉུང་མཐར་ཡང་མི་དགུ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-06-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁུན་ནེ་ཡཱའི་རྒྱལ་ས་ནེ་ལོ་པུས་གྲོང་ཁྱེར་ལྟེ་གནས་ཉེ་འདབས་ཀྱི་ཅི་ཁི་མུའུ་པཱ་ཚོང་ར་ནས་ཚེས་ཉེར་བརྒྱད་ཉིན་གྱི་ཞོགས་པར་མེ་སྐྱོན་བྱུང་སྟེ། ཉུང་མཐར་ཡང་མི་དགུ་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་ང་བརྒྱད་ལ་རྨས་ཕོག་ཟེར།

རྒུད་སྐྱོབ་ལ་ཞུགས་པའི་ཧྲིན་ཡོ་ཧན་སི་མྱུར་སྐྱོབ་རླངས་འཁོར་རུ་ཁག་གི་ལས་བྱེད་མི་སྣས་གསར་འགྱུར་ལས་རིགས་ལ་བདེན་དཔང་བྱས་དོན། མེ་སྐྱོན་དེ་ཉིན་དེའི་ཞོགས་པའི་དུས་ཚོད་གཉིས་ཡས་མས་སུ་བྱུང་བ་དང་། མིག་སྔར་རྨས་མ་དག་ཉེ་འདབས་ཀྱི་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད་ཟེར། གནས་ཚུལ་དངོས་སུ་མཐོང་མཁན་གྱིས་བཤད་རྒྱུར། རྨས་མ་མང་བོར་རྨས་སྐྱོན་ཚབས་ཆེན་བྱུང་ཡོད་ཟེར།

ནེ་ལོ་པུས་རྫོང་གི་ཉེན་རྟོག་དཔོན་པོ་ཏིས་ཐའོ་ཡིས་བསྟན་དོན། ཉེན་རྟོག་ཕྱོགས་ཀྱིས་མེ་སྐྱོན་དེའི་འབྱུང་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད། མེ་ཡོངས་སུ་བསད་མེད་པས་ཉེན་རྟོག་པས་སྔར་བཞིན་རྒུད་སྐྱོབ་ལས་ཁུངས་ལ་རོགས་འདེགས་བྱས་ཏེ་མེ་གསོད་བཞིན་ཡོད་ཟེར།

ཅི་ཁི་མུའུ་པཱ་ཚོང་རའི་ཚོང་བ་དག་གིས་གཙོ་བོ་ལྭ་བ་རྙིང་བ་དང་ཉིན་སྤྱོད་མཁོ་ཆས། གློག་ཆས་སོགས་ཕྱིར་འཚོང་བྱེད་བཞིན་ཡོད། ཚོང་ར་དེར་ཉིས་སྟོང་བཅོ་ལྔ་ལོའི་ཟླ་དྲུག་པར་མེ་སྐྱོན་བྱུང་སྟེ། ཚོང་བ་མང་བོར་རྒྱུ་ནོར་གྱི་གྱོང་གུད་ཚབས་ཆེན་བཟོས་ཡོད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།