ཀྲུང་གོ་བོད་ཀྱི་དྲ་བ།

འཇར་མན་ཕྱི་འབྲེལ་བློན་ཆེན་གྱིས་ཕྱོགས་སོ་སོས་ཇུས་གཞི་འཚོལ་ཞིབ་བྱས་ཏེ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་འོག་གི་ཁེ་ཕན་ལ་འགན་སྲུང་བྱེད་དགོས་པར་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-07-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་མན་གྱི་ཕྱི་འབྲེལ་བློན་ཆེན་མཱ་སི་ཡིས་ཚེས་དྲུག་ཉིན་བཤད་རྒྱུར། ཨ་མེ་རི་ཁ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལས་ཕྱིར་བུད་པའི་དབང་གིས་ཕྱི་རྒྱལ་གྱི་ཀུང་ཟི་དབྱི་ལིང་ནས་ཕྱིར་འཐེན་བྱས་པ་ལས་བཟོས་པའི་གྱོང་གུད་ཚང་མ་ཁ་གསབ་བྱེད་ཐབས་མེད་ཀྱང་། ཕྱོགས་སོ་སོས་ཇུས་གཞི་འཚོལ་ཞིབ་བྱས་ཏེ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་འོག་གི་ཁེ་ཕན་ལ་འགན་སྲུང་བྱེད་དགོས་ཟེར།

མཱ་སི་ཡིས་ཉིན་དེར་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་ཕྱི་འབྲེལ་བློན་ཆེན་གྱི་གྲོས་ཚོགས་མ་བསྡུས་གོང་གསར་འགོད་པར་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་གྱིས་མིག་སྔར་བྱེད་ཐབས་འཚོལ་ཞིབ་བྱས་ཏེ། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་གྱི་སྒྲོམ་གཞིའི་འོག་གི་དཔལ་འབྱོར་ཁེ་ཕན་ལ་འགན་སྲུང་བྱེད་པར་བརྩོན་བཞིན་ཡོད་ཟེར།

མཱ་སི་ཡིས་བསྟན་དོན། ཨ་མེ་རི་ཁ་གྲོས་མཐུན་ལས་ཕྱིར་བུད་རྗེས། ཕྱི་རྒྱལ་གྱི་ཀུང་ཟིས་ཨ་མེ་རི་ཁའི་བར་གྱི་བྱེད་སྒོར་ཤུགས་རྐྱེན་ཐེབས་པར་སེམས་ཁུར་བྱས་ཏེ་དབྱི་ལིང་ནས་ཕྱིར་འཐེན་བྱས་པས། དབྱི་ལིང་ལ་བཟོས་པའི་གྱོང་གུད་ཚང་མ་ཁ་གསབ་བྱེད་ཐབས་མེད་ཟེར། ཁོས་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་གྱིས་སྔར་བཞིན་ཀུང་ཟི་དག་གིས་མུ་མཐུད་དུ་དབྱི་ལིང་བར་དངུལ་གཏོང་མཉམ་ལས་བྱེད་པའི་གྲོས་གཞི་བཏོན་པ་དང་། ཕྱོགས་སོ་སོས་མུ་མཐུད་དུ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལག་བསྟར་བྱེད་དགོས་ཟེར།

ཉེ་སྔོན་ཡོ་རོབ་གླིང་མནའ་འབྲེལ་གྱིས་དབྱི་ལིང་ལ་གྱོང་གུད་ཁ་གསབ་བྱེད་པའི་གྲོས་གཞི་རབ་དང་རིམ་པ་བཏོན་ཡང་། དབྱི་ལིང་དེར་ཡིད་ཚིམས་མེད། དབྱི་ལིང་གི་ཙུང་ཐུང་ལུའུ་ཧཱ་ནེ་ཡིས་གཟའ་འཁོར་འདིའི་ནང་ཨོ་སི་ཁྲུ་རི་ཡཱ་རུ་འཚམས་འདྲི་བྱེད་སྐབས་བསྟན་དོན། དབྱི་ལིང་གི་ཁེ་ཕན་ལ་འགན་སྲུང་ཐོབ་ན། དབྱི་ལིང་གིས་ད་གཟོད་མུ་མཐུད་དུ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལག་བསྟར་བྱེད་ངེས་ཡིན་ཟེར།

ཉིན་དེར་ཀྲུང་གོ་དང་ཨུ་རུ་སི། དབྱིན་ཇི། ཧྥ་རན་སི། འཇར་མན། དབྱི་ལིང་བཅས་ཀྱི་ཕྱི་འབྲེལ་བློན་ཆེན་གྱིས་ཨོ་སི་ཁྲུ་རི་ཡཱའི་ཝེ་ཡེ་ནཱ་ནས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་ཕྱི་འབྲེལ་བློན་ཆེན་གྲོས་ཚོགས་བསྡུས་ཏེ། ཨ་མེ་རི་ཁ་གྲོས་མཐུན་ལས་ཕྱིར་བུད་རྗེས་མུ་མཐུད་དུ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལག་བསྟར་བྱེད་པའི་ཐད་ནས་གྲོས་བསྡུར་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།