ཀྲུང་གོ་བོད་ཀྱི་དྲ་བ།

ཐུ་ནི་ཞི་ཡཱའི་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཤིག་ལ་འཇབ་རྒོལ་ཐེབས་ཏེ་ཉུང་མཐར་ཡང་མི་དྲུག་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-07-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཐུ་ནི་ཞི་ཡཱའི་ནང་སྲིད་པུའུ་ཡིས་ཚེས་བརྒྱད་ཉིན་བདེན་དཔང་བྱས་དོན། འཇིགས་སྐུལ་ཉེས་ཅན་སྐོར་ཞིག་གིས་ཉིན་དེར་ནུབ་བྱང་ཕྱོགས་ཀྱི་ཅན་ཏུའུ་པེད་ཞིང་ཆེན་གྱི་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཤིག་ལ་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་བདེ་འཇགས་མི་སྣ་དྲུག་རྐྱེན་ལམ་དུ་ཤོར་ཟེར།

ནང་སྲིད་པུའུ་ཡི་སྙན་ཞུ་ཞིག་ལས་བཤད་རྒྱུར། རྒྱལ་དམངས་ཉེན་སྲུང་རུ་ཁག་གི་བདེ་འཇགས་མི་སྣས་ཉིན་དེར་རླངས་འཁོར་བསྐོར་ནས་སྐོར་ཞིབ་བྱེད་སྐབས། འཇིགས་སྐུལ་ཉེས་ཅན་གྱིས་སྔོན་ནས་སྦས་ཡོད་པའི་ས་འོག་འགད་རྫས་ཀྱི་འཇབ་རྒོལ་ཐེབས་པ་རེད། ཐུ་ནི་ཞི་ཡཱའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། འཇིགས་སྐུལ་ཉེས་ཅན་གྱིས་ཕྱོགས་མང་བོ་ནས་བདེ་འཇགས་མི་སྣར་མེ་མདས་བརྒྱབ་པ་རེད་ཟེར།

ཐུ་ནི་ཞི་ཡཱའི་ནང་སྲིད་པུའུ་ཀྲང་ཚབ་མ་ཅེ་ལི་པུས་ཀྱིས་ཉིན་དེར་བརྙན་འཕྲིན་གཏམ་བཤད་སྤེལ་ཏེ། ཐུ་ནི་ཞི་ཡཱ་ཡིས་མྱུར་མོར་གནད་ལ་འཁེལ་བའི་རྒོལ་ལན་སྤྲོད་ངེས་ཡིན་ཟེར། ཁོས་བཤད་རྒྱུར། ཐུ་ནི་ཞི་ཡཱ་ཡིས་འཇིགས་སྐུལ་རིང་ལུགས་ལ་ཀུ་ཡངས་གཏན་ནས་གཏོང་མི་སྲིད་པ་དང་། ཐུ་ནི་ཞི་ཡཱའི་མི་འཇིགས་སྐུལ་རིང་ལུགས་ལས་རྣམ་པར་རྒྱལ་ཐུབ་ཟེར།

ཐུ་ནི་ཞི་ཡཱའི་རིག་གནས་པུའུ་ཡིས་ཉིན་དེའི་རིག་གནས་རྟེན་འབྲེལ་བྱ་འགུལ་ཡོད་ཚད་མཚམས་འཇོག་རྒྱུ་ཁྱབ་སྒྲོག་བྱས།

ཉེ་བའི་ལོ་འགའི་རིང་ལ། ཐུ་ནི་ཞི་ཡཱའི་སྤྱི་ཚོགས་དེ་འདྲའི་བདེ་འཇགས་མིན་པ་དང་། དཔལ་འབྱོར་འཕེལ་རྒྱས་ཅུང་རྗེས་ལུས་ཡིན་ལ། ཐལ་དྲག་པའི་བསམ་བློ་དང་འཇིགས་སྐུལ་རིང་ལུགས་ཀྱི་སྟོབས་ཤུགས་རིམ་བཞིན་ཇེ་ཆེར་འགྲོ་བཞིན་ཡོད།

 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།