ཀྲུང་གོ་བོད་ཀྱི་དྲ་བ།

འཇར་པན་དུ་དྲག་ཆར་བབས་ཏེ་མི་གྱ་ལྔ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-07-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཇར་པན་དུ་བསྟུད་མར་ཉིན་འགའི་རིང་དྲག་ཆར་བབས་ཏེ་གནོད་འཚེ་ཚབས་ཆེན་བྱུང་སྟེ་ས་ཁུལ་མང་བོ་ནས་མི་མང་བོར་ཤི་རྨས་བྱུང་། ཚེས་བརྒྱད་ཉིན་གྱི་དགོང་མོའི་དུས་ཚོད་བཅུའི་བར། མི་གྱ་ལྔ་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་དྲུག་ལ་རྨས་ལྗིད་མོ་ཕོག མི་ང་བརྒྱད་ཀྱི་བདེ་འཇགས་གནས་ཚུལ་གསལ་བོར་ཤེས་ཐབས་མེད་ཟེར།

འཇར་པན་ཉེན་རྟོག་དང་མེ་གསོད་སྡེ་ཁག་གིས་བསྡོམས་རྩིས་བྱས་པ་ལྟར་ན། ཐེངས་འདིར་མི་སྣར་ཤི་རྨས་ཐེབས་པ་ཆེས་ཚབས་ཆེ་བ་ནི་ཀོང་ཏའོ་རྫོང་དང་ཨེ་ཡོན་རྫོང་ཡིན་པ་དང་། རྐྱེན་ལམ་དུ་ཤོར་བའི་མི་གྲངས་སོ་སོར་མི་སོ་བདུན་དང་ཉེར་གཅིག་རེད།

འཇར་པན་རྒྱལ་ཁབ་མངའ་ཁོངས་འགྲིམ་འགྲུལ་པུའུ་ཡིས་ཉིན་དེར་སྤེལ་བའི་བསྡོམས་རྩིས་མཇུག་འབྲས་ལྟར་ན། བསྟུད་མར་ཉིན་འགའི་རིང་དྲག་ཆར་བབས་པས་འཇར་པན་གྱི་རྫོང་ཁག་ཉེར་བརྒྱད་དུ་ས་གཤིས་ཀྱི་གནོད་འཚེ་ཐེངས་ཉིས་བརྒྱ་ལྷག་བྱུང་བ་དང་། གཞན་ཡང་ཆུ་བོའི་རབ་ཁ་བརྒྱ་དང་གོ་དགུ་ནས་ཆུ་ལོག་གནོད་འཚེ་བྱུང་། དེའི་ནང་ཀང་ཧྲན་རྫོང་ཚང་ཧྥུའུ་གྲོང་ཁྱེར་ཞའོ་ཐེན་ཁྲོན་གྱི་ཆུ་རགས་ཤོར་ནས་སྡོད་དམངས་ཁྱིམ་ཚང་ལྔ་བརྒྱ་ཆུས་བསྣུབས་པ་དང་། མི་སྟོང་གཅིག་ལྷག་གིས་རོགས་སྐྱོར་ལ་སྒུག་ཡོད་པ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།