ཀྲུང་གོ་བོད་ཀྱི་དྲ་བ།

ཡོ་རོབ་གླིང་མནའ་འབྲེལ་དང་བྱང་ཆིངས་རྩ་འཛུགས་ཀྱིས་མཉམ་འབྲེལ་གསལ་སྒྲོག་གསར་བ་བཀོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-07-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་སི་ཐའོ་ཨར་ཐིན་པེ་ཀི་དང་ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཐུའུ་སི་ཁི། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་རོང་ཁི་བཅས་ཀྱིས་པུའུ་ལུའུ་སེར་ནས་བྱང་ཆིངས་རྩ་འཛུགས་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་མཉམ་ལས་དང་འབྲེལ་བའི་མཉམ་འབྲེལ་གསལ་སྒྲོག་གསར་བ་ཞིག་བཀོད།

གསལ་སྒྲོག་ལས་བསྟན་དོན། ཉིས་སྟོང་བཅུ་དྲུག་ལོར། ཡོ་རོབ་གླིང་མནའ་འབྲེལ་དང་བྱང་ཆིངས་རྩ་འཛུགས་ཀྱི་མགོ་ཁྲིད་པས་ཧྭ་ཧྲ་ནས་མཉམ་འབྲེལ་གསལ་སྒྲོག་བཀོད་དེ། ཕྱོགས་གཉིས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་པ་དང་། ཡོ་རོབ་གླིང་དང་ནུབ་ཀྱི་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་ཞི་བདེ་དང་གཏན་འཇགས་ལ་ཡར་སྐུལ་གཏོང་རྒྱུ་ཐག་བཅད། ལོ་གཉིས་ཀྱི་རིང་། ཕྱོགས་གཉིས་ཀྱིས་ས་དཀྱིལ་མཚོ་ཁོངས་ཀྱི་མཚོ་ཐོག་བདེ་འཇགས་དང་འདྲེས་སྦྱོར་འཐབ་འཁྲུག་གི་འཇིགས་ཉེན་ཐག་གཅོད་པ། ཉེ་འཁོར་ས་ཁུལ་གྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་སོགས་མཉམ་ལས་ཐད་ནས་འཕེལ་རྒྱས་ཆེན་པོ་བླངས་ཡོད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་དང་བྱང་ཆིངས་རྩ་འཛུགས་ཀྱིས་མཉམ་འབྲེལ་གསལ་སྒྲོག་གསར་བ་བཀོད་པའི་དམིགས་ཡུལ་ནི་མཉམ་ལས་ཀྱི་དགོས་གལ་རང་བཞིན་བསྐྱར་སྒྲོག་བྱེད་པའི་ཆེད་ཡིན། མ་འོངས་པར་ཕྱོགས་གཉིས་ཀྱིས་དམག་དོན་འཕྲུལ་ཆས་ཅན་དང་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པ། རྫས་འགྱུར་དང་སྐྱེ་དངོས། འཕྲོ་འགྱེད་རང་བཞིན། ཉིང་རྡུལ་ནུས་པ་བཅས་ཀྱི་ཉེན་ཁ་ཐག་གཅོད་བྱེད་པ། བུད་མེད་ཀྱི་ཞི་བདེ་དང་བདེ་འཇགས་སོགས་ཁྱབ་ཁོངས་ནས་མཉམ་ལས་བྱེད་རྒྱུ་ཡིན་ཟེར།

གསལ་སྒྲོག་ལས་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་གྱིས་བདེ་འཇགས་དང་འགོག་སྲུང་གི་བྱ་བར་ཤུགས་སྣོན་བྱས་པར་དགའ་བསུ་ཞུས་པ་དང་། བྱང་ཆིངས་རྩ་འཛུགས་དེ་མནའ་མཐུན་རྒྱལ་ཁབ་ཚང་མའི་ཐུན་མོང་འགོག་སྲུང་གི་རྨང་རྡོ་ལྟ་བུ་ཡིན་པའི་ཆ་ནས། མུ་མཐུད་དུ་དེའི་དམིགས་བསལ་གྱི་ནུས་པ་འདོན་སྤེལ་བྱེད་དགོས་ཟེར།

ཉིན་དེར་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་སི་ཐའོ་ཨར་ཐིན་པེ་ཀི་ཡིས་བསྟན་དོན། མཉམ་འབྲེལ་གསལ་སྒྲོག་གསར་བས་རྩ་འཛུགས་ཆེན་པོ་གཉིས་ཀྱིས་མཉམ་ལས་གཏིང་ཟབ་ཏུ་སྤེལ་བའི་རེ་འདོན་མཚོན་པར་བྱས་ཡོད་པ་དང་། བྱང་ཆིངས་རྩ་འཛུགས་དེ་ཡོ་རོབ་གླིང་དང་ནུབ་ཀྱི་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་བདེ་འཇགས་ལ་མཚོན་ན་གལ་འགངས་ཧ་ཅང་ཆེ། དབྱིན་ཇི་ཡོ་རོབ་གླིང་མནའ་འབྲེལ་ལས་ཕྱིར་བུད་རྗེས། བྱང་ཆིངས་རྩ་འཛུགས་ཀྱི་བརྒྱ་ཆའི་བརྒྱད་ཅུའི་རྒྱལ་སྲུང་འགྲོ་སྲོང་དེ་ཡོ་རོབ་གླིང་མནའ་འབྲེལ་གྱི་རྒྱལ་ཁབ་མ་གཏོགས་པའི་རྒྱལ་ཁབ་གཞན་ནས་ཡོང་བ་རེད། བྱང་ཆིངས་རྩ་འཛུགས་ཀྱིས་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་སུ་མི་གཏོགས་པའི་རྒྱལ་ཁབ་དེ་དག་མཉམ་ལས་ནང་ཞུགས་པར་འགན་སྲུང་བྱེད་དགོས་ཟེར།

ཐུའུ་སི་ཁི་ཡིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། མཉམ་འབྲེལ་གསལ་སྒྲོག་གསར་བས་ཡོ་རོབ་གླིང་མནའ་འབྲེལ་དང་བྱང་ཆིངས་རྩ་འཛུགས་ཀྱི་མཉམ་ལས་དེ་ཆུ་ཚད་གསར་བ་ཞིག་ཏུ་མཐོར་འདེགས་བཏང་ཡོད་པ་དང་། བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་མ་ཡིན་པའི་ཡོ་རོབ་གླིང་མནའ་འབྲེལ་གྱི་རྒྱལ་ཁབ་གཞན་པ་དག་མཉམ་ལས་ཀྱི་ཁྱབ་ཁོངས་སུ་འཇོག་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།