ཀྲུང་གོ་བོད་ཀྱི་དྲ་བ།

བྱང་ཆིངས་རྩ་འཛུགས་ཀྱི་མཐོ་རིམ་གྲོས་ཚོགས་ནས་གཙོ་བོ་འགན་འཁྲི་བགོ་བ་དང་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པ། དམག་དོན་འཛུགས་སྐྲུན་བཅས་ཀྱི་གྲོས་གཞིར་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-07-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་སི་ཐའོ་ཨར་ཐིན་པེ་ཀི་ཡིས་ཚེས་བཅུ་གཅིག་ཉིན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། བྱང་ཆིངས་རྩ་འཛུགས་ཀྱི་རྒྱལ་ཁབ་ཉེར་དགུའི་མགོ་ཁྲིད་པས་ཉིན་དེར་བྱང་ཆིངས་རྩ་འཛུགས་ཀྱི་མཐོ་རིམ་གྲོས་ཚོགས་སྟེང་ཁོངས་གཏོགས་རྒྱལ་ཁབ་དག་གིས་འགན་འཁྲི་བགོ་བ་དང་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བ། བྱང་ཆིངས་རྩ་འཛུགས་ཀྱི་ཟིལ་ཤུགས་དང་འགོག་སྲུང་ལ་ཤུགས་སྣོན་པའི་ཐད་གྲོས་འཆམ་བྱུང་ཟེར།

སི་ཐའོ་ཨར་ཐིན་པེ་ཀི་ཡིས་བཤད་རྒྱུར། བྱང་ཆིངས་རྩ་འཛུགས་ཀྱི་མགོ་ཁྲིད་པས་བལྟས་ན། ཁོངས་གཏོགས་རྒྱལ་ཁབ་གིས་འདྲ་མཉམ་གྱིས་འགན་འཁྲི་མཉམ་བགོ་བྱས་མེད་པར་འདོད་པ་དང་། རྒྱལ་ཁབ་སོ་སོས་རྒྱལ་སྲུང་སྔོན་རྩིས་དང་། དམག་དོན་སྟོབས་ཤུགས་འཛུགས་སྐྲུན། བྱང་ཆིངས་རྩ་འཛུགས་ཀྱི་འགུལ་སྐྱོད་ཐད་བྱས་རྗེས་འཇོག་པ་བཅས་ཕྱོགས་གསུམ་ལ་འབད་འབུངས་བྱེད་པར་ཡིད་འཐད་བྱུང་ཟེར།

ཁོས་བསྟན་དོན། ད་ལོར་བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་བརྒྱད་ཀྱི་དམག་དོན་གྲོན་དངུལ་གྱི་འགྲོ་སོང་རྒྱལ་ནང་གི་སྤྱིའི་ཐོན་རིན་གྱི་བརྒྱ་ཆའི་གཉིས་ལ་བསླེབ་པའི་དམིགས་འབེན་མངོན་འགྱུར་བྱེད་དགོས་པ་དང་། ཁོངས་གཏོགས་རྒྱལ་ཁབ་མང་ཆེ་བས་ཉིས་སྟོང་ཉེར་བཞི་ལོའི་སྔོན་ལ་དམག་དོན་གྲོན་དངུལ་ཚད་གཞིར་བསླེབ་ཏུ་འཇུག་པའི་འཆར་གཞི་ཡོད་ཟེར།

ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་མཐོ་རིམ་གྲོས་ཚོགས་སྟེང་བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གི་དམག་དོན་གྲོན་དངུལ་གྱི་འགྲོ་སོང་གི་སྤྱིའི་ཐོན་རིན་ཁྲོད་ཀྱི་བསྡུར་ཚད་དེ་བརྒྱ་ཆའི་བཞིར་འཕར་སྣོན་བྱེད་པའི་གྲོས་གཞིར་དམིགས་ནས། སི་ཐའོ་ཨར་ཐིན་པེ་ཀི་ཡིས་བཤད་རྒྱུར། བརྒྱ་ཆའི་གཉིས་ཀྱི་དམིགས་འབེན་ནི་བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་བཀོད་པའི་དམ་བཅའ་ཡིན་པས། རྒྱལ་ཁབ་སོ་སོས་དམིགས་འབེན་དེ་ལ་འབད་བརྩོན་བྱེད་དགོས་ཟེར།

སི་ཐའོ་ཨར་ཐིན་པེ་ཀི་ཡིས་བཤད་རྒྱུར། དབུས་ཤར་དང་ཨ་ཧྥེ་རི་ཁ་བྱང་མ་ས་ཁུལ་གྱི་གཏན་འཇགས་མིན་པའི་གནས་བབ་ཀྱིས་བྱང་ཆིངས་རྩ་འཛུགས་ཀྱི་བདེ་འཇགས་ཐོན་སྐྱེད་ལ་ཤུགས་རྐྱེན་ཐེབས་ཡོད། དབྱི་རག་སྲིད་གཞུང་གི་རེ་བ་ལྟར་དུ། བྱང་ཆིངས་རྩ་འཛུགས་ཀྱིས་དབྱི་རག་ནས་སྦྱོང་བརྡར་ལས་འགན་གསར་བ་སྤེལ་དགོས། འཐབ་འཁྲུག་གི་ངོ་བོ་མི་ལྡན་པའི་འགུལ་སྐྱོད་དེར་ཁཱ་ནཱ་ཏཱ་ཡིས་སྣེ་ཁྲིད་དགོས། བྱང་ཆིངས་རྩ་འཛུགས་ཀྱིས་ད་རུང་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་ཐད་ནས་ཅོར་ཏན་དང་ཐུ་ནི་ཞི་ཡཱའི་རྒྱབ་སྐྱོར་ལ་ཤུགས་སྣོན་རྒྱུ་ཐག་བཅད་ཡོད་ཟེར།

དེ་ལས་གཞན་བྱང་ཆིངས་རྩ་འཛུགས་ཀྱིས་འདྲེས་སྦྱོར་འཐབ་འཁྲུག་གི་འཇིགས་ཉེན་ཐག་གཅོད་བྱེད་པའི་ཚོགས་ཁག་ཅིག་རྩ་འཛུགས་བྱས་ཏེ། བྱང་ཆིངས་རྩ་འཛུགས་ཀྱི་ཆེད་མཁས་པས་དྲ་རྒྱའི་འགོག་སྲུང་དང་། གླེང་ཕྱོགས་ཀྱི་འགྲན་རྩོད། ནུས་ཁུངས་བདེ་འཇགས་སོགས་ཁྱབ་ཁོངས་ནས་ཁོངས་གཏོགས་རྒྱལ་ཁབ་དག་ལ་རྒྱབ་སྐྱོར་བྱེད་དགོས་པ་རེད། བྱང་ཆིངས་རྩ་འཛུགས་ཀྱི་མགོ་ཁྲིད་པ་དག་གིས་དྲ་རྒྱའི་ལས་གཉེར་ལྟེ་གནས་ཤིག་བཙུགས་ཤིང་། དམག་དོན་བཀོད་འདོམ་ལ་ཤུགས་སྣོན་པའི་སྒྲོམ་གཞིའི་ཁག་ཅིག་ཏུ་བྱས་ཏེ། ཁོངས་གཏོགས་རྒྱལ་ཁབ་དག་གི་དྲ་རྒྱའི་འགོག་སྲུང་ནུས་པ་ཇེ་དྲག་ཏུ་གཏོང་བར་ཡིད་འཐད་བྱུང་།

སི་ཐའོ་ཨར་ཐིན་པེ་ཀི་ཡིས་བཤད་རྒྱུར། བྱང་ཆིངས་རྩ་འཛུགས་ཀྱི་མགོ་ཁྲིད་པས་མཱ་ཆི་ཏོན་དང་ཞི་ལཱ་ཡིས་རྒྱལ་མིང་བརྗེས་པའི་གནད་དོན་གྱི་ལས་རིམ་ཡོད་ཚད་ཡོངས་འགྲུབ་བྱས་རྗེས། མཱ་ཆི་ཏོན་བྱང་ཆིངས་རྩ་འཛུགས་ནང་ཞུགས་པར་གདན་ཞུ་བྱེད་པའི་གྲོས་མོལ་མགོ་རྩོམ་པར་འཐད་པ་བྱུང་ཡོད་ཟེར།

བྱང་ཆིངས་རྩ་འཛུགས་ཀྱི་མཐོ་རིམ་གྲོས་ཚོགས་དེ་ཟླ་བདུན་པའི་ཚེས་བཅུ་གཅིག་ཉིན་ནས་ཚེས་བཅུ་གཉིས་ཉིན་བར་པུའུ་ལུའུ་སེར་ནས་སྤེལ།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།