ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་གྱི་གྲོས་ཁང་གིས་ཡིའུ་ཐེ་མི་རིགས་རྒྱལ་ཁབ་ཀྱི་བཅའ་ཁྲིམས་འཆར་ཟིན་ལ་གྲོས་མཐུན་བཀོད་པར་ཕཱ་ལེ་སི་ཐན་གྱིས་རྒོལ་གཏམ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-07-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས19ཉིན་གྱི་ཞོགས་པར། དབྱི་སི་རལ་གྱི་གྲོས་ཁང་ནས་འདེམ་ཤོག་རེ་གཉིས་ཡིད་འཐད་བྱུང་བ་དང་། འདེམ་ཤོག་ང་ལྔས་ངོ་རྒོལ་བྱེད་པ། འདེམ་ཤོག་གཉིས་ཀྱིས་དབང་ཆ་བསྐྱུར་བའི་མཇུག་འབྲས་ཀྱིས་ཡིའུ་ཐེ་མི་རིགས་རྒྱལ་ཁབ་ཀྱི་བཅའ་ཁྲིམས་འཆར་ཟིན་ལ་གྲོས་འཆམ་བྱུང་སྟེ། དབྱི་སི་རལ་གྱི་ཡིའུ་ཐེ་མི་རིགས་ཀྱིས་རང་ཐག་གཅོད་དབང་ལོངས་སུ་སྤྱོད་རྒྱུ་གཏན་འཁེལ་བྱས། ཕཱ་ལེ་སི་ཐན་གྱིས་ཉིན་དེར་རྒོལ་གཏམ་དྲག་པོ་བཏང་བ་དང་། བཅའ་ཁྲིམས་འཆར་ཟིན་དེ་ལ་རིགས་རྒྱུད་རིང་ལུགས་ཀྱི་ཁྱད་ཆོས་མངོན་གསལ་ལྡན་ལ། ཕཱ་ལེ་སི་ཐན་མི་དམངས་ཀྱི་ཁེ་དབང་ལ་གནོད་པ་ཆེན་པོ་བསྐྱལ་ཡོད་པར་འདོད།

བཅའ་ཁྲིམས་འཆར་ཟིན་དེར་གྲོས་འཆམ་བྱུང་རྗེས། དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་གྲོས་ཁང་ནས་བསྟན་དོན། དེ་ནི་དབྱི་སི་རལ་རྒྱལ་ཁབ་ཀྱི་ལོ་རྒྱུས་སྟེང་གི་ཐག་གཅོད་རང་བཞིན་གྱི་དུས་སྐབས་ཤིག་ཡིན་པ་དང་། དབྱི་སི་རལ་ནི་ཡིའུ་ཐེ་མི་རིགས་ཀྱི་རྒྱལ་ཁབ་ཅིག་ཡིན་ཟེར།

བཅའ་ཁྲིམས་འཆར་ཟིན་དེར་དབྱི་སི་རལ་ཨ་རབ་རིགས་རྒྱུད་ཀྱི་གྲོས་མིའི་ངོ་རྒོལ་དྲག་པོ་ཐོབ། ཁོ་ཚོས་བཅའ་ཁྲིམས་འཆར་ཟིན་དེར་མི་རིགས་ཁ་བྲལ་གྱི་བྲོ་བ་ལྡན་ཟེར། དབྱི་སི་རལ་ངོ་རྒོལ་ཏང་གི་གྲོས་མི་རེ་འགས་ཀྱང་བཅའ་ཁྲིམས་འཆར་ཟིན་དེར་ངོ་རྒོལ་གྱི་རྣམ་འགྱུར་བཟུང་ཡོད། དབྱི་སི་རལ་དཔོན་ཕྱོགས་ཀྱིས་བསྡོམས་རྩིས་བྱས་པ་ལྟར་ན། མིག་སྔར་དབྱི་སི་རལ་གྱི་ཨ་རབ་རིགས་རྒྱུད་ཀྱི་བསྡུར་ཚད་ཀྱིས་དབྱི་སི་རལ་གྱི་སྤྱིའི་མི་གྲངས་ཀྱི་བརྒྱ་ཆའི་ཉི་ཤུ་ཟིན་ཡོད་པ་རེད།

ཕཱ་ལེ་སི་ཐན་བཅིངས་འགྲོལ་རྩ་འཛུགས་ལག་བསྟར་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་ཨེ་ལོས་ཁཱ་ཐི་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། བཅའ་ཁྲིམས་འཆར་ཟིན་དེས་དབྱི་སི་རལ་གྱི་རིགས་རྒྱུད་ཁ་བྲལ་ལམ་ལུགས་ཁྲིམས་མཐུན་ཅན་དུ་བཏང་ཡོད་པ་དང་། བསམ་བཞིན་དུ་གནས་དེའི་གཞིས་སྡོད་མི་རིགས་ཀྱི་ཁེ་དབང་འཕྲོག་པ་རེད་ཟེར།

ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་མགྲིན་ཚབ་པས་གསལ་སྒྲོག་སྤེལ་ཏེ། བཅའ་ཁྲིམས་འཆར་ཟིན་དེས་དབྱི་སི་རལ་གྱི་རིགས་རྒྱུད་རིང་ལུགས་ཁྲིམས་མཐུན་ཅན་དུ་བཏང་ཡོད། བཅའ་ཁྲིམས་འཆར་ཟིན་དེར་གྲོས་འཆམ་བྱུང་ཡང་དངོས་ཡོད་བསྒྱུར་ཐབས་མེད། ཕཱ་ལེ་སི་ཐན་མི་དམངས་ཀྱིས་སྔར་བཞིན་དབང་ཤུགས་ལག་བསྟར་བྱས་ཏེ་ས་ཁོངས་དེའི་བདག་པོ་བྱེད་ངེས་ཡིན་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།