ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་སོ་མཱ་ལི་རུ་སྡོད་པའི་ཆེད་མངག་ཚོགས་པའི་འགན་ཡུན་ཇེ་རིང་དུ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-07-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཟླ་བདུན་པའི་ཚེས་སུམ་ཅུའི་ཉིན་གྲོས་ཆོད་བཀོད་དེ། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་སོ་མཱ་ལི་རུ་སྡོད་པའི་ཆེད་མངག་ཚོགས་པའི་འགན་ཡུན་དེ་ཉིས་སྟོང་བཅུ་དགུ་ལོའི་ཟླ་ལྔ་བའི་ཚེས་སོ་གཅིག་ཉིན་བར་ཇེ་རིང་དུ་གཏོང་རྒྱུ་ཐག་བཅད།

གྲོས་ཆོད་ལྟར་ན། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་སོ་མཱ་ལི་རུ་སྡོད་པའི་ཆེད་མངག་ཚོགས་པས་ཉིས་སྟོང་བཅུ་དགུ་ལོའི་ཟླ་གཉིས་པའི་ཚེས་ཉེར་བརྒྱད་ཉིན་གྱི་སྔོན་ལ་དྲག་ཆས་མི་སྣའི་སྤྱི་གྲངས་དེ་ཁྲི་གཉིས་དང་དྲུག་བརྒྱ་ཉེར་དྲུག་ཏུ་ཇེ་ཉུང་ལ་གཏོང་དགོས་པ་རེད། གྲོས་ཆོད་ལས་བཤད་རྒྱུར། ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་སོ་མཱ་ལི་རུ་སྡོད་པའི་ཆེད་མངག་ཚོགས་པའི་འཐབ་ཇུས་དམིགས་འབེན་ནི་རིམ་བཞིན་བདེ་འཇགས་འགན་འཁྲི་དེ་སོ་མཱ་ལིའི་བདེ་འཇགས་དམག་དཔུང་ལ་བརྒྱུད་སྤྲོད་བྱེད་རྒྱུ་དེ་ཡིན་ཟེར།

སོ་མཱ་ལི་རུ་གཅིག་སྟོང་དགུ་བརྒྱ་གོ་གཅིག་ལོ་ནས་བཟུང་དུས་ཡུན་རིང་བོར་འཐབ་འཁྲུག་བྱུང་། ཉིས་སྟོང་བདུན་ལོའི་ཟླ་གཉིས་པར། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱིས་སོ་མཱ་ལི་ནས་མི་སྟོང་བརྒྱད་ཅན་གྱི་ཞི་བདེ་སྲུང་སྐྱོབ་དམག་དཔུང་ཞིག་བཙུགས་ཏེ། སོ་མཱ་ལིའི་བར་བརྒལ་སྲིད་གཞུང་ལ་རོགས་རམ་བྱས་ཏེ་རྒྱལ་ནང་གི་གནས་བབ་གཏན་འཇགས་ཡོང་བར་བྱེད་པའི་དབང་ཆ་བྱིན། དེའི་རྗེས་སུ་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཐེངས་མང་བོར་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་སོ་མཱ་ལི་རུ་སྡོད་པའི་ཆེད་མངག་ཚོགས་པའི་འགན་ཡུན་ཇེ་རིང་དུ་བཏང་བ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།