ཀྲུང་གོ་བོད་ཀྱི་དྲ་བ།

ཕོ་བྲང་དཀར་པོས་ཐི་ལིང་ཕུའུ་ཡིས་ཅིན་ཀྲིན་ཨིན་ལ་འཕྲིན་ལན་བྲིས་པར་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-08-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕོ་བྲང་དཀར་པོའི་མགྲིན་ཚབ་པ་སིང་ཏི་སི་ཡིས་ཚེས་གཉིས་ཉིན་བཤད་རྒྱུར། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ལ་ཁྲའོ་ཞན་གྱི་ཆེས་མཐོའི་མགོ་ཁྲིད་པ་ཅིན་ཀྲིན་ཨིན་གྱི་འཕྲིན་ཡིག་འབྱོར་རྗེས་འཕྲིན་ལན་བྲིས་པ་དང་། འཕྲིན་ལན་དེ་ཅང་མི་འགོར་བར་སྐྱེལ་རྒྱུ་རེད་ཟེར། 

སིང་ཏི་སི་ཡིས་ཉིན་དེར་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཐི་ལིང་ཕུའུ་དང་ཅིན་ཀྲིན་ཨིན་གྱིས་འཕྲིན་ཡིག་ནང་ཕྱོགས་གཉིས་ཀྱིས་སིང་ག་ཕོར་ནས་གྲོས་མོལ་བྱེད་སྐབས་ཁས་ལེན་བྱས་པའི་དམ་བཅའ་དག་གླེང་བ་དང་། མགོ་ཁྲིད་པ་གཉིས་ཀྱིས་མུ་མཐུད་དུ་འབད་བརྩོན་བྱས་ཏེ་ཁྲའོ་ཞན་ཕྱེད་གླིང་དུ་ཉིང་རྡུལ་ནུས་པ་མེད་པར་གཏོང་བ་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་རྒྱུ་རེད་ཟེར། 
སིང་ཏི་སི་ཡིས་ཁྲའོ་ཞན་གྱིས་ཉེ་སྔོན་ཨ་མེ་རི་ཁའི་དམག་མིའི་གདུང་རུས་ཕྱིར་སྤྲད་པར་བཀའ་དྲིན་ཞུས། ཁོ་མོས་བཤད་རྒྱུར། ཨ་མེ་རི་ཁ་དང་ཁྲའོ་ཞན་གྱི་མཉམ་ལས་ལ་གྲུབ་འབྲས་ཐོབ་ཡོད་པ་དང་། མ་འོངས་པར་ཕྱོགས་གཉིས་ཀྱིས་མུ་མཐུད་དུ་མཉམ་ལས་བྱེད་རྒྱུ་ཡིན་ཟེར། 

ཉིན་དེའི་སྔ་དྲོར་སིང་ཏི་སི་ཡིས་གསལ་སྒྲོག་སྤེལ་ཏེ། ཐི་ལིང་ཕུའུ་ལ་ཚེས་གཅིག་ཉིན་ཅིན་ཀྲིན་ཨིན་གྱི་འཕྲིན་ཡིག་འབྱོར་བ་དང་། ཨ་མེ་རི་ཁ་དང་ཁྲའོ་ཞན་གྱི་མགོ་ཁྲིད་པས་འཕྲིན་ཡིག་གཏོང་བའི་དམིགས་ཡུལ་ནི་མུ་མཐུད་དུ་ཁོ་གཉིས་ཀྱི་སིང་ག་ཕོར་གྱི་གྲོས་མོལ་གྲུབ་འབྲས་དངོས་འབེབ་བྱེད་པ་དང་། ཕྱོགས་གཉིས་ཀྱིས་མཉམ་འབྲེལ་གསལ་སྒྲོག་ནང་གི་ཁས་ལེན་དམ་བཅའ་མངོན་འགྱུར་བྱེད་པར་ཡར་སྐུལ་གཏོང་བའི་ཆེད་དུ་རེད་ཟེར། 

ཐི་ལིང་ཕུའུ་ཡིས་བཤད་རྒྱུར། རང་ཉིད་ལ་ཅིན་ཀྲིན་ཨིན་གྱི་འཕྲིན་ཡིག་འབྱོར་བ་དང་། ཁོས་དེར་བཀའ་དྲིན་ཞུ་བཞིན་ཡོད་པར་མ་ཟད། ཅང་མ་འགོར་བར་ཅིན་ཀྲིན་ཨིན་དང་ཡང་བསྐྱར་གྲོས་མོལ་བྱེད་པར་རེ་སྒུག་བྱས་ཡོད་ཟེར། ཁོས་ད་རུང་ཅིན་ཀྲིན་ཨིན་གྱིས་དམ་བཅའ་ལག་བསྟར་བྱས་ཏེ། ཨ་མེ་རི་ཁའི་ཕྱོགས་ལ་ཁྲའོ་ཞན་འཐབ་འཁྲུག་ནང་ཞུགས་པའི་ཨ་མེ་རི་ཁའི་དམག་མིའི་གདུང་རུས་ཕྱིར་སྤྲད་པར་བཀའ་དྲིན་སྙིང་ནས་ཞུས། 

ཨ་མེ་རི་ཁའི་དམག་ཕྱོགས་ཀྱིས་ཟླ་བརྒྱད་པའི་ཚེས་གཅིག་ཉིན་ཞཱ་ཝེ་དབྱེ་ནས་མཛད་སྒོ་སྤེལ་ཏེ། ཁྲའོ་ཞན་གྱིས་ཕྱིར་སྤྲད་པའི་ཨ་མེ་རི་ཁའི་དམག་མི་ང་ལྔའི་གདུང་རུས་ལ་བསུ་བ་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།