ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་མངག་ཕོ་ཉ་ཡིས་ཡེ་མིན་འཁྲུག་རྩོད་ཕྱོགས་ཁག་གཉིས་གདན་དྲངས་ནས་ཟླ་དགུ་བར་རི་ནེ་ཝ་ནས་གྲོས་མོལ་བྱེད་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-08-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡེ་མིན་གནད་དོན་གྱི་ཆེད་མངག་ཕོ་ཉ་ཀི་ལི་ཧྥེ་སི་ཡིས་ཚེས་གཉིས་ཉིན་བཤད་རྒྱུར། ཡེ་མིན་གྱི་འཐབ་འཁྲུག་རྒྱུན་བསྲིངས་པ་དང་། འཁྲུག་རྩོད་ཕྱོགས་ཁག་གཉིས་ཀྱིས་མི་ཆོས་རིང་ལུགས་ཀྱི་གནོད་འཚེའི་བྱ་སྤྱོད་མཚམས་འཇོག་པ་དང་། ཆབ་སྲིད་གྲོས་མོལ་སླར་གསོ་བྱེད་དགོས་ཟེར། 

ཀི་ལི་ཧྥེ་སི་ཡིས་སོ་སོར་ཡེ་མིན་སྲིད་གཞུང་དང་ཧུའུ་སེ་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པའི་བར་འབྲེལ་འདྲིས་བྱས་ཏེ། ཕྱོགས་གཉིས་ཀྱིས་ཟླ་དགུ་བའི་ཚེས་དྲུག་ཉིན་སུའེ་ཙེར་གྱི་རི་ནེ་ཝ་ནས་གྲོས་མོལ་བྱེད་པར་གདན་ཞུ་བྱེད་རྩིས་ཡོད་པ་དང་། ནང་དོན་ལ་ཞི་བའི་གྲོས་མོལ་གྱི་སྒྲོམ་གཞིར་གྲོས་བསྡུར་བྱེད་པར་སོགས་འདུས། 

ཡེ་མིན་གྱི་འཁྲུག་རྩོད་བྱུང་ནས་ད་ལྟའི་བར་ལོ་གསུམ་ལྷག་འགོར་ཡོད་པ་དང་། མི་སེར་དཀྱུས་མ་ཁྲི་ལྷག་ལ་ཤི་རྨས་ཐེབས་ཡོད། 

སོ་ཏི་ཨ་རབ་གཙོ་བྱས་པའི་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གི་རྒྱབ་སྐྱོར་འོག ཡེ་མིན་སྲིད་གཞུང་དམག་དཔུང་གིས་ཟླ་དྲུག་པའི་ཟླ་དཀྱིལ་དུ་མཚོ་དམར་གྲུ་ཁའི་གྲོང་ཁྱེར་ཧི་ཐེ་ཏཱ་རུ་དཔུང་འཇུག་བྱས་ཏེ། ཧུའུ་སེ་དྲག་ཆས་པའི་བར་འཁྲུག་རྩོད་དྲག་པོ་བྱས། ཀི་ལི་ཧྥེ་སི་ཡིས་ནམ་རྒྱུན་འཁྲུག་རྩོད་བྱེད་པའི་ཕྱོགས་སོ་སོར་བར་འདུམ་བྱས་ནས། ཧི་ཐེ་ཏཱ་ནས་འཁྲུག་རྩོད་འབྱུང་བར་སྔོན་འགོག་བྱས། 

ཨ་མེ་རི་ཁས་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་ལ་གསང་འཕྲིན་དང་མཁོ་སྒྲུབ་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་བཞིན་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།