ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་མུས-8རྟགས་ཅན་གྱི་གྱེན་འཕུར་གནམ་གྲུ་ཞིག་སར་ལྷུང་ནས་མི་བཅོ་བརྒྱད་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-08-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་འཕྲིན་གཏོང་ཁང་གིས་ཚེས་བཞིའི་ཉིན་བསྒྲགས་པ་ལྟར་ན། ཨུ་རུ་སིའི་མུས-8རྟགས་ཅན་གྱི་གྱེན་འཕུར་གནམ་གྲུ་ཞིག་ཞི་པའོ་ལེ་ཡཱ་ས་ཁུལ་ནས་སར་ལྷུང་སྟེ། མི་བཅོ་བརྒྱད་རྐྱེན་ལམ་དུ་ཤོར་ཟེར། 

བསྒྲགས་པ་ལྟར་ན། མུས-8རྟགས་ཅན་གྱི་གྱེན་འཕུར་གནམ་གྲུ་དེ་ཚེས་བཞི་ཉིན་གྱི་སྔ་དྲོར་མཐའ་མཚམས་ས་ཁུལ་དུ་མར་འབབ་པའི་སྐབས་སུ་སར་ལྷུང་བ་རེད། གནམ་གྲུའི་སྟེང་གི་མི་བཅོ་བརྒྱད་པོ་ཚང་མ་རྐྱེན་ལམ་དུ་ཤོར་བ་དང་། དེའི་ནང་གནམ་གྲུའི་སྟེང་གི་ལས་བྱེད་མི་སྣ་གསུམ་འདུས་ཟེར། 

བྲེལ་མྱུར་སྡེ་ཁག་གིས་བསྒྲགས་པ་ལྟར་ན། མུས-8རྟགས་ཅན་གྱི་གྱེན་འཕུར་གནམ་གྲུ་དེ་ཁི་ལཱ་སི་ནོའུ་ཡཱ་ཨར་སི་ཁི་མཐའ་མཚམས་ས་ཁུལ་བྱང་ངོས་ཀྱི་དབྱེ་ཅཱ་ཨར་ཁཱ་སྡོད་དམངས་གཏན་སྡོད་བྱེད་ས་དང་བར་ཐག་སྤྱི་ལེ་གཉིས་ཡོད་པའི་ས་ནས་སར་ལྷུང་བ་རེད། གྱེན་འཕུར་གནམ་གྲུ་དེ་འཕུར་ནས་སྤྱི་ལེ་གཉིས་ལ་འཕུར་རྗེས་སར་ལྷུང་བ་རེད། དེའི་རྒྱུ་རྐྱེན་གཙོ་བོ་ནི་འཕྲུལ་ཆས་ལ་ཆག་སྐྱོན་བྱུང་བ་དང་ཁ་ལོ་བས་ཁ་ལོ་བསྒྱུར་བར་ནོར་འཆུག་བྱུང་བས་ཡིན་པ་རེད། 

མིག་སྔར། རྒུད་སྐྱོབ་མི་སྣས་ཡུལ་དངོས་སུ་རྒུད་སྐྱོབ་བྱ་བ་སྤེལ་བཞིན་ཡོད་པ་དང་། ཨུ་རུ་སིའི་ཞི་པའོ་ལེ་ཡཱའི་འགྲིམ་འགྲུལ་ཞིབ་བཤེར་ཁང་གིས་དོན་དེར་རྟོག་ཞིབ་བྱེད་བཞིན་ཡོད།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།