ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཙེ་ཨོ་ཕི་ཡཱའི་གྲོང་ཁྱེར་ཆེན་པོ་གཉིས་པ་ནས་ཟིང་འཁྲུག་བྱུང་སྟེ་མི་བཅུ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-08-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨེ་ཙེ་ཨོ་ཕི་ཡཱའི་གྲོང་ཁྱེར་ཆེན་པོ་གཉིས་པ་ཏི་ལོས་ཏཱ་ཝའི་ཉེན་རྟོག་ཕྱོགས་ཀྱིས་ཚེས་དྲུག་ཉིན་ཁྱབ་སྒྲོག་བྱས་པའི་གནས་ཚུལ་ལྟར་ན། གཟའ་འཁོར་སྔོན་མའི་མཇུག་ཏུ་ཏི་ལོས་ཏཱ་ཝ་གྲོང་ཁྱེར་ནས་བྱུང་བའི་ཟིང་འཁྲུག་ལས་མི་བཅུ་རྐྱེན་ལམ་དུ་ཤོར་ཡོད་ཟེར། 

ཏི་ལོས་ཏཱ་ཝ་གྲོང་ཁྱེར་གྱི་ཉེན་རྟོག་ཨུ་ཡོན་ལྷན་ཁང་གི་སྤྱི་བའི་འབྲེལ་བའི་སྡེ་ཁག་གི་འགན་ཁུར་བ་ཀི་མཱ་ཡིས་མཚམས་སྦྱོར་བྱས་པ་ལྟར་ན། ཟིང་འཁྲུག་ཁྲོད་བྱུང་བའི་མེར་བསྲེག་དོན་རྐྱེན་ལས་མི་སྣར་ཤི་རྨས་བཟོས་ཡོད། དེ་ལས་གཞན་ཟིང་འཁྲུག་དེ་ལས་ད་རུང་མི་མང་བོར་རྨས་ཕོག་པ་དང་རྒྱུ་ནོར་གྱི་གྱོང་གུད་བྱུང་ཡོད་ཟེར། 

ཀི་མཱ་ཡིས་བསྟན་དོན། མིག་སྔར་རྒྱལ་ཕྲན་མཉམ་འབྲེལ་གྱི་ཉེན་རྟོག་པ་དང་ཨེ་ཙེ་ཨོ་ཕི་ཡཱའི་དམག་དཔུང་དག་ཏི་ལོས་ཏཱ་ཝ་གྲོང་ཁྱེར་དུ་བཀག་སྡོམ་བྱས་ཏེ། དྲག་ཤུགས་དོན་རྐྱེན་ཡང་བསྐྱར་འབྱུང་བར་སྔོན་འགོག་བྱེད་བཞིན་ཡོད་པ་དང་། ཞོར་དུ་དྲག་ཤུགས་དོན་རྐྱེན་ལ་འབྲེལ་བ་ཡོད་པའི་མི་སྣ་འཛིན་བཟུང་བྱེད་བཞིན་ཡོད་ཟེར། 

ཏི་ལོས་ཏཱ་ཝ་གྲོང་ཁྱེར་དེ་ཨེ་ཙེ་ཨོ་ཕི་ཡཱའི་ཨོ་ལོ་མུས་ཡཱ་ཀྲིག་ཏུ་གནས་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།