ཀྲུང་གོ་བོད་ཀྱི་དྲ་བ།

གནས་སྤོར་སྡོད་དམངས་ཀྱི་ངལ་རྩོལ་པ་བཅུ་གཉིས་དབྱི་ཐཱ་ལེ་ནས་འགྲིམ་འགྲུལ་དོན་རྐྱེན་ལ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-08-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ཐཱ་ལེའི་མེ་གསོད་རྒུད་སྐྱོབ་པུའུ་ཡིས་ཚེས་དྲུག་ཉིན་བཤད་རྒྱུར། གནས་སྤོར་སྡོད་དམངས་ཀྱི་ངལ་རྩོལ་པ་བཅུ་གཉིས་ཚེས་དྲུག་ཉིན་རྒྱལ་ཁབ་དེའི་རྒྱལ་ས་རོ་མཱའི་ཤར་ལྷོའི་ཕྱོགས་ཀྱི་སྤྱི་ལེ་ཉིས་བརྒྱ་དང་དྲུག་ཅུའི་མཚམས་སུ་ཡོད་པའི་ཧྥུའུ་ཅཱ་ས་ཁུལ་དུ་འགྲིམ་འགྲུལ་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་གསུམ་ལ་རྨས་ཕོག་ཡོད་ཟེར། 

དབྱི་ཐཱ་ལེའི་རྒྱལ་ཁབ་བརྙན་འཕྲིན་ཁང་གིས་བསྒྲགས་པ་ལྟར་ན། འགྲུལ་སྐྱེལ་རླངས་འཁོར་ཆུང་བ་ཞིག་ཉིན་དེར་ཧྥུའུ་ཅཱ་ས་ཁུལ་གྱི་གཞུང་ལམ་སྟེང་ལོག་ནས། མི་བཅུ་གཉིས་རྐྱེན་ལམ་དུ་ཤོར་བ་དང་། མི་གསུམ་ལ་རྨས་ཕོག ཤི་རྨས་ཐེབས་པའི་མི་ཚང་མ་ནི་གནས་སྤོར་སྡོད་དམངས་ཀྱི་ངལ་རྩོལ་པ་རེད་ཟེར། 

བསྒྲགས་པ་ལྟར་ན། དབྱི་ཐཱ་ལེའི་ངལ་རྩོལ་པར་བཤུ་གཞོག་བྱེད་པའི་རྩ་འཛུགས་རེ་འགས་དུས་རྒྱུན་སྲང་ལམ་ནས་གནས་སྤོར་སྡོད་དམངས་འཚོལ་བཞིན་ཡོད་པ་དང་། རླངས་འཁོར་བཀོལ་ནས་ཁོ་ཚོ་ཞིང་རར་དྲུད་ནས་ངལ་རྩོལ་བྱེད་དུ་འཇུག་པ་ཡིན་ལ། ཧ་ཅང་དམའ་བའི་གླ་ཕོག་ཙམ་མ་གཏོགས་སྟེར་གྱིན་མེད། 

དབྱི་ཐཱ་ལེའི་བཟོ་ཚོགས་རྩ་འཛུགས་གཙོ་བོས་ཚེས་དྲུག་ཉིན་གསལ་སྒྲོག་སྤེལ་ཏེ། ངལ་རྩོལ་པར་བཤུ་གཞོག་དང་སྣང་མེད་དུ་བྱེད་པར་ངོ་རྒོལ་བྱས་ཏེ་དྲང་བདེན་སྐྱོང་ཆེད། ཚེས་བརྒྱད་ཉིན་ཧྥུའུ་ཅཱ་ས་ཁུལ་དུ་རྔམ་སྟོན་ཁྲོམ་སྐོར་བྱ་འགུལ་སྤེལ་དགོས་པའི་འབོད་སྐུལ་བཏང་།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།