ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་ཙུང་ལི་ཡིས་བྱང་ཆིངས་རྩ་འཛུགས་ཀྱིས་ཤར་དུ་རྒྱ་བསྐྱེད་པ་དེ་ཨུ་རུ་སི་ལ་མཚོན་ན་འཇིགས་ཉེན་དང་འགྲན་རྩོད་ཅིག་ཡིན་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-08-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ལི་མེ་ཏི་བེ་ཅེ་ཧྥུའུ་ཡིས་ཉེ་སྔོན་བསྟན་དོན། བྱང་ཆིངས་རྩ་འཛུགས་ཀྱིས་ཤར་དུ་རྒྱ་བསྐྱེད་པ་དེ་ཨུ་རུ་སི་ལ་མཚོན་ན་འཇིགས་ཉེན་དང་འགྲན་རྩོད་ཅིག་ཡིན་ཟེར། 

ཨུ་རུ་སིའི་ཚོང་བའི་ཚགས་པར་གྱིས་ཚེས་བདུན་ཉིན་མེ་ཏི་བེ་ཅེ་ཧྥུའུ་ཡི་བཅར་འདྲིའི་གནས་ཚུལ་བཀོད། མེ་ཏི་བེ་ཅེ་ཧྥུའུ་ཡིས་བཤད་རྒྱུར། སུའུ་ལེན་སྔ་མོ་ནས་ཁ་ཐོར་དུ་སོང་ཡོད་པ་དང་། དམག་དོན་སྡེ་ཚོགས་ཆེན་མོ་གཉིས་དགྲ་རུ་ལངས་པའི་གནས་ཚུལ་སྔ་མོ་ནས་མེད་པར་གྱུར་ཡོད་པས། བྱང་ཆིངས་རྩ་འཛུགས་མུ་མཐུད་དུ་གནས་པའི་དགོས་གལ་ཅི་ཡང་མེད། ཡིན་ཡང་བྱང་ཆིངས་རྩ་འཛུགས་ཀྱིས་མུ་མཐུད་དུ་ཤར་ཕྱོགས་སུ་རྒྱ་བསྐྱེད་བཞིན་ཡོད། དེར་ཨུ་རུ་སིས་ཤེས་མེད་ཚོར་དུ་སྡོད་མི་སྲིད། དེ་ནི་ཨུ་རུ་སི་ལ་མཚོན་ན་འཇིགས་ཉེན་དང་འགྲན་རྩོད་ཅིག་རེད་ཟེར། 
མེ་ཏི་བེ་ཅེ་ཧྥུའུ་ཡིས་བསྟན་དོན། བྱང་ཆིངས་རྩ་འཛུགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཨུ་རུ་སི་ནི་འགྲན་ཡའི་ཚུལ་དུ་བཟུང་ཡོད་ཅིང་། བྱང་ཆིངས་རྩ་འཛུགས་ཀྱི་དམག་དོན་སྟོབས་ཤུགས་ཀྱིས་ནམ་རྒྱུན་ཨུ་རུ་སི་ཆམ་ཕབ་གཏོང་སའི་དམིགས་འབེན་དུ་བྱས་ཡོད། བྱང་ཆིངས་རྩ་འཛུགས་ཀྱིས་ཀི་ལུའུ་ཅི་ཡཱ་བསྡུ་ལེན་བྱེད་རྩིས་ཡོད་པའི་གནད་དོན་གླེང་སྐབས་མེ་ཏི་བེ་ཅེ་ཧྥུའུ་ཡིས་བཤད་རྒྱུར། ཀི་ལུའུ་ཅི་ཡཱ་ལ་ད་རུང་མངའ་ཁོངས་རྩོད་གླེང་ཡོད་པ་དང་། ཀི་ལུའུ་ཅི་ཡཱ་བྱང་ཆིངས་རྩ་འཛུགས་སུ་ཞུགས་ན་འཁྲུག་རྩོད་ཚབས་ཆེན་འབྱུང་སྲིད་པས། བྱང་ཆིངས་རྩ་འཛུགས་ཀྱིས་དོན་དེ་ཐག་གཅོད་བྱེད་སྐབས་བསམ་བློ་གང་ལེགས་གཏོང་དགོས་ཟེར། 
མེ་ཏི་བེ་ཅེ་ཧྥུའུ་ཡིས་བསྟན་དོན། ཨུ་རུ་སི་དང་ཡོ་རོབ་གླིང་གི་གྲོས་མོལ་གྱི་སྒོ་གླེགས་ཡོངས་སུ་བརྒྱབ་མེད། གལ་ཏེ་ཡོ་རོབ་གླིང་གིས་འབྲེལ་བ་སླར་གསོ་དང་ལེགས་བཅོས་བྱེད་འདོད་ན། ཨུ་རུ་སི་ཡིས་ཀྱང་དགོས་ངེས་ཀྱི་རྣམ་འགྱུར་སྟོན་སྲིད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།