ཀྲུང་གོ་བོད་ཀྱི་དྲ་བ།

ཧིན་རྡུ་ཉི་ཞི་ཡཱའི་འབྲུག་མིག་གླིང་ཕྲན་ནས་བྱུང་བའི་ས་འགུལ་ལས་མི་བརྒྱ་དང་སོ་གཅིག་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-08-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

7.jpg

ཟླ་བརྒྱད་པའི་ཚེས་བརྒྱད་ཉིན། ཧིན་རྡུ་ཉི་ཞི་ཡཱའི་འབྲུག་མིག་གླིང་ཕྲན་ནས། རྒུད་སྐྱོབ་མི་སྣས་ས་འགུལ་ཁྲོད་རྐྱེན་ལམ་དུ་ཤོར་བའི་འདས་པོའི་བེམ་པོ་སྐྱེལ་བཞིན་པ། 

8.jpg

ཟླ་བརྒྱད་པའི་ཚེས་བརྒྱད་ཉིན། ཧིན་རྡུ་ཉི་ཞི་ཡཱའི་འབྲུག་མིག་གླིང་ཕྲན་ནས། རྒུད་སྐྱོབ་མི་སྣས་ས་འགུལ་གནོད་ཐེབས་ས་ཁུལ་དུ་སྔོག་བཤེར་བྱེད་བཞིན་པ། 

9.jpg

འདི་ནི་ཟླ་བརྒྱད་པའི་ཚེས་བརྒྱད་ཉིན་བར་སྣང་ནས་བླངས་པའི་ཧིན་རྡུ་ཉི་ཞི་ཡཱའི་འབྲུག་མིག་གླིང་ཕྲན་གྱི་ས་འགུལ་གནོད་འཚེ་ཐེབས་སའི་རྣམ་པ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧིན་རྡུ་ཉི་ཞི་ཡཱའི་གནོད་འགོག་ལས་དོན་ཁང་གིས་ཚེས་བརྒྱད་ཉིན་བཤད་རྒྱུར། ཚེས་ལྔ་ཉིན་བྱུང་བའི་འབྲུག་མིག་གླིང་ཕྲན་གྱི་ས་འགུལ་ཁྲོད་མི་བརྒྱ་དང་སོ་གཅིག་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་སྟོང་གཅིག་དང་བཞི་བརྒྱ་དོན་བདུན་ལ་རྨས་ལྗིད་མོ་ཕོག་ཡོད་ཟེར། 

གནོད་འགོག་ལས་དོན་ཁང་གི་མགྲིན་ཚབ་པ་སུའུ་ཐའོ་པའོ་ཡིས་ཉིན་དེར་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ས་འགུལ་ལས་ད་རུང་ཁང་བ་ཁྲི་བཞི་ལྷག་དང་སྤྱི་བའི་བཟོ་སྐྲུན་མང་བོར་གཏོར་བརླག་ཐེབས་ཡོད་པ་དང་། ས་དེའི་འབངས་མི་སེར་འབུམ་གཅིག་དང་ཁྲི་ལྔ་སྟོང་དྲུག་ཕྱིར་འཐེན་བྱས། རྒུད་སྐྱོབ་བྱ་བ་མུ་མཐུད་དུ་སྤེལ་བ་དང་བསྟུན་ནས། ཤི་རྨས་ཐེབས་པའི་ཁ་གྲངས་དང་རྒྱུ་ནོར་ལ་གྱོང་གུད་ཐེབས་པའི་གནས་ཚུལ་སྔོན་དཔག་ལས་ཚབས་ཆེན་དུ་འགྱུར་སྲིད་ཟེར། 

སུའུ་ཐའོ་པའོ་ཡིས་བཤད་རྒྱུར། འདས་པོ་བརྒྱ་དང་སོ་གཅིག་ཚང་མ་ཧིན་རྡུ་ཉི་ཞི་ཡཱའི་སྤྱི་དམངས་ཡིན་པ་དང་། མིག་སྔར་རྨས་སྐྱོན་ལྗིད་མོ་ཕོག་པ་དག་གིས་ས་དེའི་སྨན་ཁང་དུ་གསོ་བཅོས་བྱེད་བཞིན་ཡོད། རྨས་ཡང་མོ་ཕོག་པའི་མི་མང་བོ་ཡོད་པས་བྱེ་བྲག་གི་ཁ་གྲངས་བསྡོམས་རྩིས་བྱེད་ཐབས་མེད་ཟེར། 

སུའུ་ཐའོ་པའོ་ཡིས་ད་རུང་བཤད་རྒྱུར། འབྲུག་མིག་གླིང་ཕྲན་སྟེང་གི་འབྲུག་མིག་བྱང་མ་རྫོང་དང་འབྲུག་མིག་ནུབ་མ་རྫོང་ནི་གནོད་འཚེ་ཐེབས་པ་ཆེས་ཚབས་ཆེ་བའི་ས་ཁུལ་ཡིན། ས་ཁུལ་དེ་ཡོད་སའི་ཞི་ནོའུ་ཧྲ་ཏིན་ཅཱ་ལཱ་ཞིང་ཆེན་གྱིས་དོགས་ཟོན་མཐོར་འདེགས་བྱས་ཡོད་པ་དང་། བྲེལ་མྱུར་དོགས་ཟོན་གྱི་རྣམ་པ་དེ་ཚེས་བཅུ་གཅིག་ཉིན་བར་རྒྱུན་བསྲིང་རྒྱུ་རེད། ས་དེའི་སྲིད་གཞུང་གིས་སྐབས་ཐོག་དེར་གནས་ཚུལ་ལ་གཞིགས་ཏེ་དོགས་ཟོན་གྱི་ཡུན་ཚད་ཇེ་རིང་དུ་གཏོང་མིན་ཐག་གཅོད་བྱེད་རྒྱུ་རེད་ཟེར། 

གཞན་ཡང་ཧིན་རྡུ་ཉི་ཞི་ཡཱ་རྒྱལ་ཁབ་འཕྲིན་གཏོང་ཁང་ཨན་ཐཱ་ལཱ་ཡིས་བསྒྲགས་པ་ལྟར་ན། ཧིན་རྡུ་ཉི་ཞི་ཡཱའི་འབྲུག་མིག་གླིང་ཕྲན་དུ་ས་འགུལ་བྱུང་བ་ལས་མི་སུམ་བརྒྱ་དང་ཞེ་བདུན་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་འབུམ་གཅིག་དང་ཁྲི་དྲུག་སྟོང་ལྔ་ལྷག་ལ་ས་འགུལ་ཁྲོད་འགྲོ་སའི་ཁྱིམ་མེད་པར་གྱུར་ཡོད་ཟེར། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།