ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གཞིས་སྡོད་མི་དམངས་ཀྱི་གནས་སྤོར་དང་འཁོར་རྒྱུག་ལ་དོ་སྣང་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-08-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཚེས་དགུའི་ཉིན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གཞིས་སྡོད་མི་དམངས་ཀྱི་གནས་སྤོར་དང་འཁོར་རྒྱུག་ལ་དོ་སྣང་བྱས་ཏེ། དམིགས་བསལ་གྱི་སྟོབས་ཞན་ཚོགས་ཁག་དེའི་ཁེ་ཕན་སྣ་ཚོགས་ལ་སྲུང་སྐྱོབ་ཐོབ་པར་འགན་སྲུང་བྱེད་དགོས་པའི་འབོད་སྐུལ་བཏང་། 

ལོ་རེའི་ཟླ་བརྒྱད་པའི་ཚེས་དགུ་ཉིན་ནི་འཛམ་གླིང་གི་གཞིས་སྡོད་མི་དམངས་ཀྱི་རྒྱལ་སྤྱིའི་ཉིན་མོ་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཉིན་དེར་ཞུ་ཚིག་འབུལ་སྐབས་བསྟན་དོན། གཞིས་སྡོད་མི་དམངས་མང་བོ་འཐབ་འཁྲུག་དང་དྲག་ཤུགས་ལ་ཡོལ་བ་དང་། ནམ་ཟླའི་འགྱུར་ལྡོག་ལས་བྱུང་བའི་ཁོར་ཡུག་ཉམས་ཞན་སོགས་རྒྱུ་རྐྱེན་དབང་གིས་ཡུལ་གཞན་དུ་གནས་སྤར་ནས་འཚོ་སྡོད་བྱེད་པ་རེད། གནས་སྤོར་སྡོད་དམངས་ལ་གོ་སྐབས་ཡོད་པ་དང་ཉེན་ཁའང་ཡོད་པ་རེད། གཞིས་སྡོད་མི་དམངས་མང་བོ་གནས་སྤོར་བ་ནི་འཚོ་བའི་ཆེད་ཡིན་ལ། གྲོང་ཁྱེར་དུ་གནས་སྤར་ནས་འཚོ་བ་མི་རོལ་ཐབས་མེད་བྱུང་ཡང་། ཁོ་ཚོ་མང་ཆེ་བས་བདེ་འཇགས་དང་འཕྲོད་བསྟེན་གྱི་འགན་སྲུང་མེད་པའི་ཁོར་ཡུག་ཏུ་འཚོ་བ་རོལ་བཞིན་ཡོད། གཞིས་སྡོད་མི་དམངས་ཀྱི་བུད་མེད་དང་བུ་མོ་ཆུང་ཆུང་གི་ལས་དབང་དེ་ལས་དབང་སྡུག་པ་རེད། ནམ་རྒྱུན་བསླུ་འཚོང་དང་དྲག་ཤུགས་ཁྲོད་འཚོ་བཞིན་ཡོད། གཞིས་སྡོད་མི་དམངས་ཀྱི་ན་གཞོན་དག་གི་ཐོབ་ཐང་དང་རིན་ཐང་ལྟ་བ་སོགས་ཀྱི་ཐད་དཀའ་ཁག་མི་ཉུང་བ་གནས་ཡོད་ཟེར། 

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། ད་ལོའི་ལོ་སྨད་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བདེ་འཇགས་དང་གོ་རིམ་ལྡན་པའི་གནས་སྤོར་སྡོད་དམངས་ཀྱི་འཛམ་གླིང་ཡོངས་ཀྱི་ཆིངས་ཡིག་འགོད་ཐུབ་པར་རེ་བ་ཡོད་པ་དང་། ཆིངས་ཡིག་དེ་ལས་གཞིས་སྡོད་མི་དམངས་དང་བཅས་པའི་གནས་སྤོར་སྡོད་དམངས་ལ་ཁེ་ཕན་གྱི་འགན་སྲུང་འདོན་སྤྲོད་བྱེད་རྒྱུ་རེད་ཟེར། ཁོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཞིས་སྡོད་མི་དམངས་ཀྱི་ཁེ་དབང་བསྒྲགས་གཏམ་དངོས་འབེབ་གང་ལེགས་བྱས་ཏེ། གཞིས་སྡོད་མི་དམངས་ཀྱི་རང་ཐག་གཅོད་པའི་དབང་ཆ་དང་དེའི་སྲོལ་རྒྱུན་ས་ཞིང་། མངའ་ཁོངས། ཐོན་ཁུངས་བཅས་ཀྱི་ཁེ་དབང་ལ་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བཏང་།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།