ཨ་ཧྥུའུ་ཧན་ཐཱ་ལེ་པན་གྱིས་ཨ་ཧྥུའུ་ཧན་ཤར་ཕྱོགས་གྲོང་ཁྱེར་ལ་གཞི་རྒྱ་ཆེ་བའི་དཔུང་འཇུག་འགུལ་སྐྱོད་སྤེལ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་དཔོན་རིགས་ཀྱིས་ཚེས་བཅུའི་ཉིན་བསྟན་དོན། ཐཱ་ལེ་པན་གྱི་དྲག་ཆས་མི་སྣས་ཉིན་དེའི་ཞོགས་པར་ཨ་ཧྥུའུ་ཧན་ཤར་ཕྱོགས་ཀྱི་ཅཱ་ཙི་ནེ་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཅཱ་ཙི་ནེ་ལ་གཞི་རྒྱ་ཆེ་བའི་དཔུང་འཇུག་འགུལ་སྐྱོད་སྤེལ་ཏེ། ཨ་ཧྥུའུ་ཧན་གྱི་བདེ་འཇགས་སྟོབས་ཤུགས་དང་དུས་ཡུན་རིང་བོར་འཁྲུག་རྩོད་བྱས། མིག་སྔར་འཐབ་འཁྲུག་སྔར་བཞིན་སྤེལ་བཞིན་ཡོད་ལ། མི་སྣར་ཤི་རྨས་ཐེབས་ཡོད་ཟེར། 

ཅཱ་ཙི་ནེ་ཞིང་ཆེན་གྱི་ཉེན་རྟོག་པའི་འགན་ཁུར་བ་མཱ་ཧྲ་ལེ་ཡིས་གསར་འགོད་པར་བཤད་རྒྱུར། ཐཱ་ལེ་པན་དྲག་ཆས་མི་སྣས་ཉིན་དེའི་ཞོགས་པར་ཕྱོགས་མི་འདྲ་བ་ནས་ཅཱ་ཙི་ནེ་གྲོང་ཁྱེར་ལ་དཔུང་འཇུག་བྱས་པར་མ་ཟད། གཙོ་བོ་གྲོང་ཁུལ་དུ་གནས་པའི་ཉེན་རྟོག་ཅུའུ་དང་གསང་འཕྲིན་ལས་ཁུངས། སྲིད་གཞུང་གི་སྡེ་ཁག་མང་བོའི་གཞུང་སྒྲུབ་བྱེད་ས་བཅས་ལ་དཔུང་འཇུག་བྱས། ས་དེར་བཅའ་སྡོད་བྱེད་པའི་བདེ་འཇགས་སྟོབས་ཤུགས་ཀྱིས་ནུས་ཤུགས་ཡོད་དགུས་ཕྱིར་རྒོལ་ལན་སྤྲད་པ་དང་། ཕྱོགས་གཉིས་ཀྱི་མི་སྣར་ཤི་རྨས་ཐེབས་ཡོད། 

བསྒྲགས་པ་ལྟར་ན། འཁྲུག་རྩོད་དེ་ལས་ཉུང་མཐར་ཡང་ཉེན་རྟོག་པ་དང་བཅས་པའི་བདེ་འཇགས་མི་སྣ་བཅུ་བཞི་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་བདེ་འཇགས་མི་སྣ་ཉི་ཤུར་རྨས་ཕོག་ཡོད་ཟེར། 
ཚེས་བཅུའི་ཉིན་བསྒྲགས་པ་ལྟར་ན། ཐཱ་ལེ་པན་གྱིས་ཉིན་དེའི་ཞོགས་པར་ཅཱ་ཙི་ནེ་གྲོང་ཁྱེར་དུ་དྲག་ཆས་མི་སྣ་སྟོང་ལྷག་མངག་པ་དང་། དེ་ནི་ཉེ་བའི་ལོ་འགའི་རིང་རྩ་འཛུགས་དེས་ཡུལ་དེར་སྤེལ་བའི་གཞི་རྒྱ་ཆེས་ཆེ་བའི་དཔུང་འཇུག་ཐེངས་ཤིག་རེད། མིག་སྔར་ས་དེའི་ཚོང་ཁང་དང་སློབ་གྲྭ་ཚང་མས་སྒོ་བརྒྱབ་ཡོད་པ་དང་། གྲོང་ཁྱེར་སྡོད་དམངས་དག་རང་ཁྱིམ་དུ་འཛུལ་ནས་ཡོད། 

ཐཱ་ལེ་པན་གྱིས་ཚེས་བཅུའི་ཉིན་གསལ་སྒྲོག་སྤེལ་ཏེ། ཐེངས་འདིའི་དཔུང་འཇུག་བདེན་དཔང་བྱས་པར་མ་ཟད། ཅཱ་ཙི་ནེ་གྲོང་ཁྱེར་ཕྱི་རོལ་གྱི་བདེ་འཇགས་ཞིབ་བཤེར་ས་ཚིགས་མང་བོ་ཐཱ་ལེ་པན་གྱིས་བདག་བཟུང་བྱས་ཡོད་ཟེར།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།