ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཧེ་མཚོ་འགྲམ་གྱི་རྒྱལ་ཁབ་ལྔས་ལི་ཧེའི་བཅའ་ཁྲིམས་གོ་གནས་ཀྱི་སྤྱི་ཆིངས་བཀོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-08-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧཱ་སག་སི་ཐན་དང་ཨུ་རུ་སི། ཨ་སེ་པེད་ཅང་། ཐུའུ་ཁུའུ་མན་སི་ཐན། དབྱི་ལིང་བཅས་ལི་ཧེ་མཚོ་འགྲམ་གྱི་རྒྱལ་ཁབ་ལྔའི་ཙུང་ཐུང་གིས་ཚེས་བཅུ་གཉིས་ཉིན་ཧཱ་སག་སི་ཐན་གྱི་ནུབ་ཕྱོགས་གྲོང་ཁྱེར་ཨ་ཁི་ཐའོ་ནས་ལི་ཧེའི་བཅའ་ཁྲིམས་གོ་གནས་ཀྱི་སྤྱི་ཆིངས་བཀོད་དེ། ལི་ཧེ་མཚོ་འགྲམ་གྱི་རྒྱལ་ཁབ་ལྔས་ཕྱིན་ཆད་ལི་ཧེ་མཚོ་གཏིང་གི་རྡོ་སྣུམ་དང་རང་བྱུང་སོལ་རླངས་ཐོན་ཁུངས། དེ་མིན་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཤུགས་སྣོན་བྱེད་པ་བཅས་ཀྱི་ཐད་བཅའ་ཁྲིམས་ཀྱི་རྨང་གཞི་བཏིང་། 

ཧཱ་སག་སི་ཐན་གྱི་ཙུང་ཐུང་ནཱ་ཀྲ་ཨར་པཱ་ཡེ་ཧྥུའུ་དང་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན། ཨ་སེ་པེད་ཅང་གི་ཙུང་ཐུང་ཨ་ལེ་ཡེ་ཧྥུའུ། ཐུའུ་ཁུའུ་མན་སི་ཐན་གྱི་ཙུང་ཐུང་པེ་ཨར་ཏི་མུའུ་ཧཱ་མེ་ཏའོ་ཧྥུའུ། དབྱི་ལིང་གི་ཙུང་ཐུང་ལུའུ་ཧཱ་ནེ་བཅས་ཀྱིས་ཉིན་དེར་ཨ་ཁི་ཐའོ་ནས་གྲོས་མོལ་བྱས་པ་དང་། ལི་ཧེའི་བཅའ་ཁྲིམས་གོ་གནས་དང་ལི་ཧེ་རྒྱལ་ཁབ་བར་གྱི་མཉམ་ལས། རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་ནས་བསམ་འཆར་བརྗེ་རེས་བྱས། གྲོས་མོལ་མཇུག་སྒྲིལ་རྗེས། རྒྱལ་ཁབ་ལྔའི་ཙུང་ཐུང་གིས་ལི་ཧེའི་བཅའ་ཁྲིམས་གོ་གནས་ཀྱི་སྤྱི་ཆིངས་བཀོད་པ་རེད། 

སྤྱི་ཆིངས་ལྟར་ན། ལི་ཧེ་མཚོ་འགྲམ་གྱི་རྒྱལ་ཁབ་དག་གི་མཚོ་འགྲམ་ཐིག་རིས་དེ་མཚོ་ལེ་བཅོ་ལྔ་རྒྱ་བསྐྱེད་དེ་རྒྱལ་ཁབ་རང་གི་མཚོ་ཁོངས་སུ་བྱས་ཡོད་པ་དང་། རང་རང་གི་མངའ་ཁོངས་སུ་གཏོགས་པའི་མཚོ་ཁོངས་ནས་ཡང་བསྐྱར་མཚོ་ལེ་བཅུའི་མཚོ་ཁོངས་ནི་རྒྱལ་ཁབ་དེའི་ཆེད་གཏོགས་ཉ་བདའི་ས་ཁུལ་ཡིན་པ་རེད། དེ་ལས་གཞན་པའི་མཚོ་ཁོངས་དང་ཆུའི་ཐོན་ཁུངས་དེ་དག་ལི་ཧེ་མཚོ་འགྲམ་གྱི་རྒྱལ་ཁབ་ལྔར་ཐུན་མོང་དུ་དབང་བ་རེད། 

ཀུན་གྱིས་དོ་སྣང་བྱེད་པའི་ལི་ཧེ་མཚོ་གཏིང་གི་རྡོ་སྣུམ་དང་རང་བྱུང་སོལ་རླངས་ཐོན་ཁུངས་ཀྱི་བགོ་བཤའི་གནད་དོན་ཐད་ནས་སྤྱི་ཆིངས་ལས་རྒྱལ་ཁབ་སོ་སོས་ཇི་ལྟར་མཚོ་གཏིང་གི་ཐོན་ཁུངས་བགོ་བཤའ་བྱེད་པར་གཏན་འཁེལ་གསལ་བོ་བྱས་མེད་པར། སྤྱི་ཆིངས་ལས་ལི་ཧེ་མཚོ་གཏིང་གི་ཐོན་ཁུངས་དེ་འདབས་འབྲེལ་རྒྱལ་དག་གིས་རྒྱལ་སྤྱིའི་ཁྲིམས་སྲོལ་གྱི་ཚད་གཞི་ལྟར་དུ་གྲོས་མོལ་བྱས་ཏེ་བགོ་བཤའ་བྱེད་དགོས་པ་ནན་བཤད་བྱས་ཡོད། 

སྤྱི་ཆིངས་ལས་ད་རུང་གཏན་འཁེལ་བྱས་དོན། ལི་ཧེ་མཚོ་འགྲམ་རྒྱལ་ཁབ་མ་ཡིན་པ་དག་གིས་ལི་ཧེ་རུ་དམག་དཔུང་བཅའ་སྡོད་བྱེད་མི་རུང་བ་དང་། ལི་ཧེ་མཚོ་འགྲམ་རྒྱལ་ཁབ་དག་གིས་རྒྱལ་ཁབ་རང་གི་མངའ་ཁོངས་དེ་རྒྱལ་ཁབ་གཞན་པར་འདོན་སྤྲོད་བྱས་ཏེ་ལི་ཧེ་མཚོ་འགྲམ་གྱི་རྒྱལ་ཁབ་གཞན་དག་ལ་གནོད་པའི་དམག་དོན་འགུལ་སྐྱོད་སྤེལ་དུ་འཇུག་མི་རུང་ལ། ལི་ཧེ་མཚོ་འགྲམ་རྒྱལ་ཁབ་མ་ཡིན་པའི་གྲུ་གཟིངས་དག་ལི་ཧེ་མཚོ་ཁོངས་སུ་ཡོང་མི་རུང་བ་རེད། སྤྱི་ཆིངས་ལས་ལི་ཧེ་མཚོ་འགྲམ་རྒྱལ་ཁབ་དག་གིས་ལི་ཧེ་ནས་དམག་དོན་འཛུགས་སྐྲུན་བྱེད་སྐབས་དེའི་གཞི་རྒྱའི་ལུགས་མཐུན་རང་བཞིན་དང་རྒྱལ་ཁབ་གཞན་པའི་བདེ་འཇགས་ཁེ་ཕན་ལ་བསམ་བློ་བཏང་སྟེ། ལི་ཧེ་མཚོ་འགྲམ་གྱི་རྒྱལ་ཁབ་སོ་སོའི་ལི་ཧེ་རུ་སྡོད་པའི་དམག་དཔུང་གི་གཞི་རྒྱ་དོ་མཉམ་ཡོང་བ་སྲུང་འཛིན་བྱེད་དགོས་པའི་རེ་བ་བཏོན་ཡོད། 

ཉིན་དེར། རྒྱལ་ཁབ་ལྔའི་ཙུང་ཐུང་གིས་ད་རུང་གྲོས་མཐུན་དང་བཟོད་སྒོམ་བརྗེད་ཐོ་དྲུག་བཀོད་པ་དང་། དམིགས་ཡུལ་ནི་རྒྱལ་ཁབ་ལྔའི་སྐྱེལ་འདྲེན་དང་ཉོ་ཚོང་། དཔལ་འབྱོར། འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བ། རྩ་འཛུགས་ཅན་གྱི་ནག་ཉེས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་པའི་ཆེད་དུ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།